རྒྱང་བསྒྲགས་ལས་འཛིན་གྱི་ འགོ་དཔོན་༣ དགོངས་ཕོག་བཏོན་དགོ་པའི་ ཞུ་བ་ཕུལ་ཡོདཔ།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་ལུ་བསྐྱལ་མི་ རྩོད་རྩ་གིས་ ལས་འཛིན་གྱི་ ཁྲིམས་དོན་འགོ་དཔོན་དང་ མི་སྟོབས་འགོ་དཔོན་ དེ་ལས་ བདག་སྐྱོང་དང་ དངུལ་རྩིས་འཛིན་གྱི་ འཛིན་སྐྱོང་པ་དེ་ རྩོད་བཤེར་མཇུག་མ་བསྡུ་ཚུན་ཚོད་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་དགོ་པའི་ ཞུ་བ་ཕུལ་ཡི།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༩ ལུ་ རྩོད་རྩ་གིས་ ཁྲིམས་ཀྱི་འདུན་སར་ བརྒལ་ལན་ཕུལ་བའི་སྐབས་ རྒྱང་བསྒྲགས་ལས་འཛིན་གྱི་ མི་སྟོབས་ཚོགས་ཆུང་གིས་ ལས་གཡོགཔ་གདམ་འཐུའི་སྐབས་ རྩོད་རྩ་ལུ་ གོ་སྐབས་མི་བྱིན་ནིའི་དོན་ལས་ ཁོ་གི་ ཆ་རོགས་ཅིག་ཁོང་རའི་ཡིག་ཚང་ནང་འབོ་སྟེ་ མ་བདེན་པའི་ ངག་བརྗོད་བཟོ་བཅུག་ཞིནམ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཕུལ་ནུག་ཟེར་ཞུ་ཡི།
རྩོད་གཞི་དེ་གི་སྐོར་ སྟ་གོན་སྙན་གསན་མཛད་པའི་ཤུལ་ལས་ སྤྱི་ཟླ་༨ པའི་ཚེས་༡ ལུ་ ཁོ་རའི་ཆ་རོགས་ཀྱི་ནུ་གཅུང་ རྒྱང་བསྒྲགས་ལས་འཛིན་ནང་ ལཱ་འབད་མི་དེ་ བར་ན་བཙུགས་ཏེ་ ཡིག་ཚང་གི་ དུས་ཚོད་ཚངམ་ད་ ཡིག་ཚང་ནང་འབོ་ཞིནམ་ལས་ འགོ་དཔོན་༣ འཛོམས་ཐོག་ ཁོང་རའི་དང་འདོད་དང་འཁྲིལ་ ཁེ་ཕན་གྲུབ་ཐབས་ལུ་ བྱ་ངན་བརྩམས་ཏེ་ ཨིང་སྐད་ཐོག་ལས་ བཀོད་ཡོད་པའི་ ངག་བརྗོད་གུ་ ལག་བྲིས་རྐྱབ་བཅུག་ནུག་ཟེར་ ཁྲིམས་འདུན་ལུ་ ཞུ་ཡོདཔ་ད་ རྩོད་རྩ་ལུ་ གནོད་ཉེན་བཀལ་ཐབས་ཀྱི་ ཡིག་ཆ་བཟོ་བཅུག་མི་དེ་ དབྱེ་དཔྱད་འབད་བའི་ཤུལ་ལུ་ ཤེས་རྟོགས་བྱུང་ཡི་ཟེར་ རྩོད་རྩ་གིས་ ཞུ་ཡི།
དེ་འབདཝ་ད་ རྩོད་ཟླ་གིས་ རྩོད་གཞི་དེ་གི་དོན་ལུ་ ཡང་བསྐྱར་དུ་ མ་བདེན་པའི་སྒྲུབ་བྱེད་ བཟོ་ནིའི་ཉེན་ཁ་ཡོདཔ་ལས་ འགོ་དཔོན་༣ རྩོད་གཞི་དེ་གི་ མཐའ་བཅད་གྲུབ་འབྲས་མ་ཐོན་ཚུན་ གནས་སྐབས་ཅིག་ ལཱ་གཡོག་ནང་ལས་ མཚམས་འཇོག་འབད་དགོ་པའི་ བཀའ་རྒྱ་གནང་དགོ་པའི་ ཞུ་བ་ཕུལ་ཡི།
ཁོ་གིས་འབད་བ་ཅིན་ མི་སྟོབས་ཡིག་ཚང་བརྒྱུད་དེ་ ཡིག་ཐོག་དང་ རིག་རྩལ་ཆོས་རྒྱུགས་ཀྱི་ གྲུབ་འབྲས་༢ ཆ་ར་ གདམ་འཐུ་གྲུབ་པའི་ མི་ངོམ་ཚུ་ ཡོངས་འབྲེལ་ཐོག་ལས་ གསལ་བསྒྲགས་འབད་ཡོད་མི་ གོ་རིམ་གྱི་ གྲུབ་འབྲས་དང་ གཉིས་པ་འབདཝ་ད་འགྲུལ་འཕྲིན་ཐོག་ལས་ རྩོད་རྩ་ལུ་ ཨང་དང་པ་ཨིནམ་སྦེ་ ལེགས་སོ་དང་བཅས་ སླབ་ཡོད་ཟེར་ཨིན་པས།
རྩོད་ཟླའི་ངོ་ཚབ་ཀྱིས་ སྟ་གོན་སྙན་གསན་སྐབས་ ཡིག་ཐོག་དང་ རིག་རྩལ་ཆོས་རྒྱུགས་༢ ནང་ རྩོད་རྩ་ཁོ་ར་ ཨང་དང་པ་ཨིན་ཟེར་ ཁ་བཟེད་ཡོདཔ་ཨིན་རུང་ རྩོད་ཟླ་གིས་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཡོངས་འབྲེལ་ནང་ གསལ་བསྒྲགས་འབད་ནི་མེད་ཟེར་མི་དེ་ ལས་འཛིན་དང་ མི་རེ་རེ་༢ ཀྱིས་ རྫུན་གཏམ་ཨིན་མས་ཟེར་ ཞུ་ཡི།
རྩོད་རྩ་གིས་འབད་བ་ཅིན་ ཡིག་ཐོག་གི་ གྲུབ་འབྲས་དེ་ སྤྱི་ཟླ་༤ པའི་ཚེས་༤ དང་ རིག་རྩལ་ཆོས་རྒྱུགས་གྲུབ་འབྲས་དེ་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ ལས་འཛིན་གྱི་ ཡོངས་འབྲེལ་ནང་ བཙུགས་ཡོད་རུང་ རྩོད་རྩ་གིས་ སྤྱི་ཟླ་༤ པའི་ཚེས་༢༩ ལུ་ མི་སྟོབས་ཡིག་ཚང་ནང་ གདམ་འཐུ་ནང་ ཚུལ་མིན་་འཐབ་པའི་སྐོར་ ཉོགས་བཤད་བཀོད་པའི་ཉིན་མར་ ཡོངས་འབྲེལ་ནང་ལས་ བཏོན་བཏང་་ནུག་ཟེར་ཨིན་པས།
རྩོད་རྩ་གིས་ ཞུ་མིའི་ནང་ སྤྱི་ཟླ་༤ པའི་ཚེས་༢༩ ལུ་ ཁོ་གི་ ཞུ་བ་དང་འཁྲིལ་ ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ གདམ་འཐུའི་གྲུབ་འབྲས་ བདེན་དཔྱད་འབད་ནིའི་ གནང་བ་གནང་རུང་ མི་སྟོབས་ཚོགས་ཆུང་གིས་ མཐའ་བཅད་གྲུབ་འབྲས་ཀྱི་ ཨང་རིམ་ཅིག་མ་གཏོགས་ ངག་ཐོག་གི་ཞུ་བ་ཕུལ་རུང་ གྲུབ་འབྲས་ཚུ་ དྭངས་གསལ་ཐོག་ལས་ སྟོན་མ་བཏུབ་ཟེར་ཨིན་པས།
དེ་མ་ཚད་ གྲུབ་འབྲས་བདེན་དཔྱད་འབདཝ་ད་ རྩོད་ཟླ་གིས་ གདམ་འཐུ་འབད་ཡོད་མི་ མི་ངོམ་དེ་ ལཱ་གཡོག་ཡོད་མེད་སྐོར་ སྤྱི་ཟླ་༤ པའི་ཚེས་༡༥ ལུ་ ངག་ཐོག་ཆོས་རྒྱུགས་སྐབས་ ལས་སྡེའི་ཉོགས་མེད་ཡོད་མེད་ཀྱི་ ལོ་རྒྱུས་ཐོན་ཡི་ཟེར་ བདག་སྐྱོང་དང་ དངུལ་རྩིས་འཛིན་སྐྱོང་པ་དང་ ལས་རིམ་བཀོད་ཁྱབ་འགོ་དཔོན་༢ ཀྱིས་ སྤྱི་ཟླ་༤ པའི་ཚེས་༢༩ ལུ་ ཁ་བཟེད་ཡོདཔ་བཞིན་དུ་ མི་ངོམ་དེ་ སྤྱི་ཟླ་༤ པའི་ཚེས་༢༩ ལུ་ ཉོགས་མེད་ལག་ཁྱེར་མེད་པའི་ ཉོགས་བཤད་བཀོད་པའི་ཤུལ་ལུ་ ཆ་མེད་བཏང་ཡི་ཟེར་ཨིན་པས།
ལས་འཛིན་གྱི་ གདམ་འཐུ་དང་ གསར་བཙུགས་ཀྱི་ ལམ་ལུགས་དང་འཁྲིལཝ་ད་ ལཱ་གཡོག་གྲལ་ཁར་ བཅའ་མར་གཏོགས་མི་ཚུ་གི་ ཡིག་ཆ་བདེན་དཔྱད་འབད་ནི་དེ་ མི་སྟོབས་ཡིག་ཚང་དང་ ཆོས་རྒྱུགས་ཚོགས་ཆུང་ལུ་ ཕོགཔ་ཨིན་རུང་ ཤེས་ཅི་མཐོང་ཅི་ བདེན་དཔྱད་མ་འབད་མི་དེ་ རྩོད་ཟླའི་ཁ་ཐུག་ལས་ ཆགས་དང་ཕྱོགས་རིས་ཡོད་པའི་ མངོན་རྟགས་བྱུངམ་མས་ཟེར་ རྩོད་རྩ་གིས་ ཞུ་ཡི།
རྩོད་རྩ་གིས་ གཙུག་སྡེ་ག་ཏེ་འབད་རུང་ གདམ་འཐུ་གྲུབ་ཡོད་མི་ མི་ངོམ་༡ སྟབས་མ་བདེ་བར་ ཕྱིར་བཏོན་འབད་བ་ ཡང་ན་ དགོངས་ཞུ་འབད་བ་ཅིན་ དེའི་འོག་ལུ་ཡོད་མི་དེ་ བཙུགས་སྲོལ་ཡོད་ཟེར་ ཞུ་བའི་ཁར་ ལས་འཛིན་གྱིས་ ཁོ་ལུ་ གོ་སྐབས་གནང་མ་བཏུབ་མི་དེ་ ཁྲིམས་མཐུན་གྱི་བདེན་ཁུངས་ བཀལ་དགོ་པའི་ ཞུ་བ་ཕུལ་ཡི།
རྩོད་ཟླ་གིས་ རྩོད་རྩ་ལུ་ གོ་སྐབས་བྱིན་མ་ཚུགས་མི་དེ་ ས་སྟོང་གསལ་བསྒྲགས་ཀྱི་ ཁྱད་ཚད་ནང་ གོ་གནས་༡ ཉམས་མྱོང་ཡོད་མི་དང་༡ མེད་མི་ལུ་ཨིནམ་ལས་ གོ་སྐབས་བྱིན་མ་ཚུགས་ཟེར་ཞུ་ནུག།
ཨིན་རུང་ གདམ་འཐུ་གྲུབ་མི་ཚུ་ གོང་འཁོད་ཉམས་མྱོང་ཕར་བཞག་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ ལོ་༢ མ་ལང་རུང་ ལཱ་གཡོག་བྱིན་ཡོདཔ་ད་ རྩོད་རྩ་ཁོ་ལུ་ སྐད་ཡིག་ལམ་སྲོལ་ནང་ ལོ་༥ ལྷགཔ་ཅིག་ ཞིབ་འཚོལ་གྱི་ ཉམས་མྱོང་ཡོད་རུང་ གོ་སྐབས་མ་བྱིནམ་ལས་ ཆགས་དང་ཕྱོགས་རིས་ཡོད་པའི་ རྟགས་མཚན་སྟོནམ་མས་ཟེར་ ཞུ་ཡི།
འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ སྤྱི་ཟླ་༩ པའི་ཚེས་༡༢ ལུ་ བརྒལ་ལན་ཕུལ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *