རྒྱ་རས་རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༡༡ གི་ས་ཁར་ ཞིང་ལམ་འཕྱགས་བདའ་བའི་མཐོང་སྣང་།

རྒྱ་རས་རྒེད་འོག་ནང་ ཞིང་ལམ་ཁག་༥ དང་ཟམ་༢ འཕྱགས་བདའ་ཡོདཔ།

༉ ལྷུན་རྩེ་རྒྱ་རས་རྒེད་འོག་ནང་ ས་རུད་དང་ ཆུ་རུད་ཐོན་མི་ལུ་བརྟེན་ སོ་ནམ་ཞིང་ལམ་ཁག་༥ དང་ ཟམ་༢ འཕྱགས་བདའ་ཡོདཔ་ལས་ སྤྱི་འོག་༣ གྱི་ མི་སེར་ཚུ་ རྒེད་འོག་དང་ རྫོང་ཁག་ནང་ རྒྱུན་འགྲུལ་འཐབ་མ་ཚུགས་པར་འདུག།
སྤྱི་ཟླ་༦ པའི་ཚེས་༡༣ གྱི་ཕྱི་རུ་ཆུ་ཚོད་༥ དེ་ཅིག་ཁར་ ཆརཔ་ཤུགས་སྦེ་རྐྱབ་ད་ ལ་གྲོང་ལྕང་ཀ་གླིང་དང་ མང་ཟི་བྲག་གི་ཆུ་ སྤམ་སྤྱི་འོག་ནང་བབས་མི་ དུར་བྲག་ཆུ་ ཀི་བྲག་ཆུ་ དེ་ལས་ བཟང་མཁར་མཇུག་གི་ཆུ་ཚུ་ བྲེས་མི་ལུ་བརྟེན་ ས་གོ་༥ འི་ཞིང་ལམ་ཚུ་ ཤུལ་ར་མེདཔ་སྦེ་ འཕྱགས་བདའ་ནུག།
ད་རུང་ ཆུ་ཐིག་སྒང་ལུ་ རྩི་སའི་ཟམ་༢ དང་ སྦྲུམ་འབངས་གངས་ཁེ་ཆུ་གི་ ཤིང་ཟམ་ཚུ་ འཕྱགས་བདའ་ཡོདཔ་ལས་ མི་སེར་ཚུ་གི་ རྒྱུན་ལམ་བཅད་དེ་ཡོདཔ་ད་ ལ་གྲོང་སློབ་གྲྭ་ཆུང་བའི་ སློབ་ཕྲུག་༣༥ དེ་ཅིག་ཡང་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ སློབ་གྲྭ་ནང་འགྱོ་མ་ཚུགས་མི་དེ་ ཁ་ཙ་ ཕམ་དང་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་གིས་ ཆ་རོགས་འབད་དེ་ སློབ་གྲྭ་ནང་ འགྱོ་ཚུགས་ནུག།
ལ་གྲོང་ཚོགས་པ་སངས་རྒྱས་ལེགས་བཤད་ཀྱིས་ སླབ་མིའི་ནང་ མིའི་ཚེ་སྲོག་དང་ ནོར་སེམས་ཅན་ལུ་ གནོད་སྐྱོན་མེད་རུང་ ཡུམ་ཆེ་དང་ སྤམ་ དེ་ལས་ ལ་གྲོང་སྤྱི་འོག་༣ ལས་ ཉིན་བསྟར་བཞིན་དུ་ ཕར་ཚུར་རྒྱུན་འགྲུལ་འབད་མི་ སློབ་ཕྲུག་ཚུ་གི་ ཚེ་སྲོག་ལུ་ གནོད་ཉེན་སྦོམ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ ཞིང་ལམ་འཕྱགས་བདའ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
སྤམ་སྤྱི་འོག་ལས་ ཚོགས་པ་ཚེ་རིང་དབང་མོ་གིས་ སླབ་མིའི་ནང་ གལ་སྲིད་ གཡུས་ཚན་ཚུ་ནང་ ནདཔ་དང་ གློ་བུར་དུ་ རྐྱེན་ངན་འབྱུང་པ་ཅིན་ སྣུམ་འཁོར་ལམ་གྱིས་མ་དོ་བར་ མིའི་རྐང་ལམ་ཡང་མེདཔ་ལས་ ད་རེས་ནངས་པར་ ཆརཔ་གི་དུས་ཚོད་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་སྦོམ་ར་ འཐོན་ནི་བཟུམ་མཐོངམ་མས་ཟེར་ཨིན་པས།
མཁར་ཅུང་གཡུས་ཚན་ལས་ སློབ་ཕྲུག་ཅིག་གི་ཨའི་ བསོད་ནམས་གཡང་སྒྲོན་གྱིས་ སླབ་མིའི་ནང་ ད་ལྟོ་ ཆརཔ་རྐྱབ་ནི་མེདཔ་ལས་ ལོ་ཐོག་འཛུགས་སྐྱོང་འབད་མི་ཚུ་གི་ ཐོན་སྐྱེད་ལུ་ གནོད་ཉེན་འབྱུང་ནི་མས་ཟེར་ ཚ་གྱང་ལང་སྡོད་པའི་བར་ན་ ཚར་གཅིག་གུ་ ཆརཔ་རྐྱབ་མི་དེ་གིས་ ཞིང་ལམ་ཚུ་ མེདཔ་བཏང་ད་ཡི་ཟེར་ཨིན་པས།
རྒཔོ་ཀུན་བཟང་མི་འགྱུར་གྱིས་ སླབ་མིའི་ནང་ ཞིང་དང་ ལོ་ཐོག་ལུ་ གནོད་སྐྱོན་མ་རྐྱབ་རུང་ གཞུང་གིས་ ཟད་འགྲོ་སྦོམ་བཏང་སྟེ་ བཟོ་སྐྲུན་འབད་མི་ ཞིང་ལམ་དང་ ཟམ་དེ་ཚུ་ འཕྱགས་བདའ་ཡོདཔ་ལས་ སྙན་ཞུ་ཚུ་ བསྡུ་སྒྲིག་འབད་དེ་ རྫོང་ཁག་ལུ་ ཕུལ་ཏེ་ཡོད་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་འགོ་དཔོན་ རྡོ་རྗེ་ཚེ་རིང་གིས་འབད་བ་ཅིན་ ལ་གྲོང་སློབ་གྲྭ་ཆུང་བའི་ སློབ་དཔོན་དང་ སློབ་ཕྲུག་ དེ་ལས་ ཕམ་ཚུ་ ཚ་གྱང་ཐེབས་ལང་མི་དེ་ སྤམ་སྤྱི་འོག་དང་ ཡུམ་ཆེ་སྤྱི་འོག་གཉིས་ཀྱི་ སློབ་ཕྲུག་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་སའི་ ལམ་འཕྱགས་བདའ་ཡོདཔ་ལས་ ས་གོ་ཚུན་སོང་སྟེ་ རྒེད་འོག་འགོ་ཁྲིདཔ་ཚུ་གིས་ ཕམ་དང་ སློབ་ཕྲུག་ཚུ་ལུ་ ཆ་རོགས་འབད་དོ་ཟེར་ཨིན་པས།
ད་རེས་ ཆརཔ་རྐྱབ་ནིའི་དུས་ཚོད་འབདཝ་ལས་ ལམ་ཚུ་གི་གནས་སྟངས་དེ་ ག་ཅི་བཟུམ་ཅིག་ལུ་ ཐུག་ནི་ཨིན་ན་ མི་ཤེས་པའི་ཁར་ ལམ་ཉམས་བཅོས་འབད་ནི་ལུ་ཡང་ ད་ལྟོ་འཆར་གཞི་ག་ནི་ཡང་མེདཔ་ལས་ སོ་ནམ་པ་ཚུ་ལུ་ ལྷག་པར་དུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༦ པའི་ཚེས་༡༣ གྱི་ཕྱི་རུ་ སྨད་ཚོ་རྒེད་འོག་ སི་ལི་སྦི་ལུ་ ཁག་འབགཔ་ཅིག་གི་ སྦ་སྒོར་༡༣ ས་རུད་དང་ ཆུ་རུད་ཀྱིས་ འཕྱགས་བདའ་མི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཟླཝ་༡ གི་ བཟའ་འཐུང་གི་རིགས་ སྐྱིད་སྡུག་སྦེ་ ཉམས་རྒུདཔ་ལས་མི་དང་ ཁག་འབགཔ་ལུ་ ཁ་ཙ་ རྫོང་ཁག་སྐྱིད་སྡུག་འགོ་དཔོན་གྱིས་ རྩིས་སྤྲོད་ཡོད་པའི་གནས་ཚུལ།

རྒྱ་རས་ལས་ བཀྲིས་ཕུན་ཚོགས།

 

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *