རྒྱ་གར་གྱིས་ འབྲུག་གི་འཆར་གཞི་ཚུ་ལུ་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་ནི།

༉ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་མཆོག་གིས་ སྤྱི་ཟླ་༨ པའི་ཚེས་༡༧ དང་༡༨ ལུ་ ཉིན་གྲངས་༢ ཀྱི་རིང་ རྒྱལ་ཁབ་ནང་ གཟིགས་སྐོར་གནང་པའི་སྐབས་ལུ་ གསུངས་མིའི་ནང་ རྒྱ་གར་གྱི་མི་ཚུ་གིས་ ཁོ་ལུ་ བློ་གཏད་ཡིད་ཆེས་ཐོག་ལས་ ལོག་གདམ་འཐུ་འབད་མི་ལུ་བརྟེན་ འབྲུག་རྒྱལ་ཁབ་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་གཅིག་ཁར་ ལྷག་པར་དུ་ མཐུན་ལམ་རྩ་བརྟན་བཟོ་ནིའི་ གོ་སྐབས་ཐོབ་ཅི་ཟེར་ ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ མི་དབང་མངའ་ཞབས་མཆོག་གི་ མཁྱེན་རྒྱ་ཆེ་བའི་དབུ་ཁྲིད་བཟང་པོ་ལུ་བརྟེན་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ དམིགས་བསལ་གྱི་ དཔེ་སྟོན་ཅིག་ལུ་གྱུར་ཏེ་འདུག་ཟེར་ སེམས་རྟོགས་ཁ་རྫོང་ནང་ ལས་རིམ་སྣ་ཚོགས་འགོ་འདྲེན་འཐབ་པའི་སྐབས་ལུ་ གསུངས་ཡི།
འབྲུག་གི་ གོང་འཕེལ་ལས་སྣ་མང་ཤོས་ར་ རྒྱ་གར་གཞུང་གིས་ མཉམ་འབྲེལ་འབད་ནིའི་གོ་སྐབས་ཐོབ་མི་དེ་ ཁ་རྗེ་ཅན་ཅིག་ཨིན་པའི་ཁར་ འབྲུག་གི་ལོ་༥ འི་འཆར་གཞི་དོན་ལུ་ རྒྱ་གར་གཞུང་གིས་ འབྲུག་གི་རེ་འདོད་དང་ གཙོ་རིམ་དང་འཁྲིལ་ འཕྲོ་མཐུད་དེ་ར་ འཆར་གཞི་ཚུ་ལུ་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་འོང་ཟེར་ གསུངས་ཡི།
རྒྱལ་ཁབ་༢ ཀྱི་བར་ན་ མཉམ་འབྲེལ་འབད་སའི་ ས་ཁོངས་གཅིགཔོ་དེ་ གློག་ཤུགས་ཨིནམ་ལས་ དེ་གིས་ མཐུན་ལམ་དམ་ཟབ་བཟོ་བའི་ཁར་ མང་སྡེ་ཆུ་གློག་མེ་ལས་འགུལ་ འགོ་འབྱེད་འབད་མི་དེ་ རྒྱལ་རབས་ནང་ཚུད་ཡོདཔ་ད་ འབྲུག་གི་གློག་ཤུགས་ཐོན་ཚད་ མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ཡོད་ཟེར་ ཨིན་པས།
ལས་འགུལ་གཞན་ཚུ་ཡང་ འཕྲོ་མཐུད་འབད་ནིའི་ བློ་འདོད་ཡོད་ཟེར་ བློན་ཆེན་མོ་དི་གིས་ གསུངས་ཡོདཔ་ད་ འབྲུག་མི་ཚུ་ལུ་ མེ་རླུང་རྒྱ་རྫི་གི་ མཁོ་འདོད་ལང་ཚུགསཔ་བཟོ་ཐབས་ལུ་ རྒྱ་གར་གཞུང་གིས་ ཟླ་རིམ་བཞིན་དུ་ མེ་ཊིག་ཊཱོན་༧༠༠ ལས་༡༠༠༠ ལུ་ ཡར་སེང་འབད་ནི་ཨིནམ་ལས་ དེ་གིས་ གཡུས་ཁ་ལས་ཕར་ ཕན་ཐོགས་འབྱུང་ཚུགས་ཟེར་ ཨིན་པས།
དེ་མ་ཚད་ བློན་ཆེན་བློ་གྲོས་ཚེ་རིང་གིས་ ཁོ་ར་ སྲིད་དོན་ནང་ བཅའ་མར་གཏོགས་མི་དེ་ཡང་ གཙོ་བོ་ར་ སྤྱིར་བཏང་མི་ཚུ་ལུ་ གསོ་བའི་ཞབས་ཏོག་ལེགས་ཤོམ་སྦེ་ འཐོབ་ཚུགསཔ་བཟོ་ནིའི་ དམིགས་གཏད་ཐོག་ལས་ བཅའ་མར་གཏོགས་ནུག་ཟེར་ གསུངས་ཡོདཔ་ད་ འབྲུག་ལུ་ ཁྱད་རིག་ཅན་གྱི་ སྨན་ཁང་བཟོ་ནིའི་འཆར་སྣང་ཡོད་མི་དེ་ལུ་ ང་བཅས་ཀྱིས་ ག་ཅི་འབད་ཚུགས་ཚུགསཔ་ཅིག་ གྲོགས་རམ་འབད་ནི་ཟེར་ གསུངས་ཡི།
ཕྱིའི་ཏི་རུ་བརྗེ་སོར་གྱི་ ཚད་གཞི་དེ་ཡང་ ཡར་སེང་འབད་ནི་ཨིན་པའི་ཁར་ བརྗེ་སོར་གན་ཡིག་དང་ བརྗེ་སོར་དགོས་མཁོས་དང་འཁྲིལ་ འབྲུག་གི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡༠༠ བཟོ་འོང་ཟེར་ བློན་ཆེན་གྱིས་གསུངས་ཡོདཔ་ད་ ལྷོ་ཨེ་ཤི་ཡ་འཕྲུལ་སྐར་ཞབས་ཏོག་ལྟེ་བ་ འགོ་འབྱེད་འབད་མི་དེ་གིས་ བརྒྱུད་འབྲེལ་ཡར་སེང་འབད་ཚུགསཔ་མ་ཚད་ འབྲུག་ལུ་ རྐྱེན་ངན་འཛིན་སྐྱོང་སྐབས་ ཕན་ཐོགས་འབྱུང་ཚུགས་པའི་ཁར་ རྒྱལ་ཁབ་༢ ཀྱིས་ འཕྲུལ་སྐར་ལྟེ་བ་ཆུང་ཀུ་རྐྱབ་ནི་ལུ་ མཉམ་འབྲེལ་འབད་འོང་ཟེར་ཨིནམ་ད་ དེ་ཡང་ འབྲུག་གི་སློབ་ཕྲུག་ཚུ་ རྒྱ་གར་གྱི་ རྒྱལ་ཡོངས་བློ་རིག་མཐུན་འབྲེལ་དང་གཅིག་ཁར་ མཐུད་ལམ་བཟོ་ནི་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ རུ་པི་ཤོག་འཛིན་ འགོ་འབྱེད་འབད་མི་ལུ་ སེམས་དགའ་ཡི་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ད་ ཞབས་ཏོག་དེ་གིས་ རྒྱལ་ཁབ་༢ ཀྱི་བར་ན་ འཕྲུལ་རིག་ཐོག་ལས་ ཏི་རུ་སྤྲོད་ནི་ལུ་ བྱ་སྟབས་བདེ་ནི་ཨིནམ་ད་ དེ་ཡང་ ལྟ་བཤལ་དང་ཚོང་འབྲེལ་ཚུ་ནང་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
ང་བཅས་ཀྱི་མཐུན་ལམ་དེ་ མི་དང་མི་གི་བར་ནའི་ མཐུན་ལམ་ངོ་མ་ཨིན་པ་ལུ་བརྟེན་ ན་ལེན་ཌ་གཙུག་ལག་སློབ་སྡེ་ནང་ མཐོ་རིམ་གོང་མའི་ཤེས་ཡོན་སྦྱང་མི་ འབྲུག་མི་༢ ལེན་སྲོལ་ཡོད་མི་དེ་༥ ལུ་ ཡར་སེང་འབད་ནི་ཨིན་མི་དེ་ཡང་ ང་ར་ ད་རིས་ སེམས་རྟོགས་ཁ་རྫོང་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་ལས་ དངོས་གྲུབ་ཞུ་ཚུགས་ནི་དེ་གིས་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།
རྒྱ་གར་ལས་ གནས་སྐབས་ཅིག་གི་དོན་ལུ་ ཞབས་དྲུང་གི་སྐུ་འདྲ་དེ་ སེམས་རྟོགས་ཁ་རྫོང་ནང་ བཞུགས་སུ་གསོལ་མི་དེ་ཡང་ ད་རུང་ ལོ་༥ བཞག་ཚུགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་གསུངས་ཡོདཔ་ད་ རྒྱ་འབྲུག་གི་མཐུན་ལམ་དེ་ འཛམ་གླིང་ནང་ དམིགས་བསལ་ཅན་གྱི་ མཐུན་ལམ་སྦེ་ར་ གནས་འོང་ཟེར་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱ་གར་གྱི་བློན་ཆེན་ལུ་ མགྲོན་བརྡ་ཕུལཝ་བཞིན་དུ་ བྱོན་གནང་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་མ་ཚད་ རྒྱལ་རབས་ཅན་གྱི་ སེམས་རྟོགས་ཁ་རྫོང་ནང་སྦེ་ ལས་རིམ་འགོ་འདྲེན་འཐབ་ནིའི་ གནང་བ་གནང་མི་ མི་དབང་མཆོག་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་ ཞུ་ཡི།
སེམས་རྟོགས་ཁ་རྫོང་དེ་ ལོ་ངོ་༤༠༠ དེ་ཅིག་གི་ཧེ་མར་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ བཞེངས་གནང་པའི་ཁར་ རྫོང་གཞིས་དེ་ རྙིང་ཤོས་དང་ རྫོང་དང་པ་ཨིནམ་ལས་ ཟུང་ཕྱོགས་གྱི་ལས་རིམ་དང་པ་ འགོ་འདྲེན་འཐབ་ནི་དེ་ཡང་ འོས་འབབ་ཅན་སྦེ་ མཐོང་ཡི་ཟེར་ཨིན་པས།
བློན་ཆེན་དང་གཅིག་ཁར་ བློ་སླབ་པའི་སྐབས་ ཆ་རོགས་འཆམ་ཤོས་དང་གཅིག་ཁར་ བློ་སླབ་དོ་བཟུམ་མའི་ ཚོར་སྣང་བྱུང་ཡི་ཟེར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་ཡོདཔ་ད་ བློན་ཆེན་མོ་དི་གིས་ ཁྱིམ་ཚང་རྒྱལ་ཁབ་ཀྱི་དོན་ལུ་ སྲིད་བྱུས་གཙོ་རིམ་བཟུང་མི་དེ་ལུ་ ངལ་རངས་ཡི་ཟེར་ཨིན་པས།
རྒྱ་གར་གྱི་ འགོ་ཁྲིདཔ་ཚུ་གིས་ ལུང་ཕྱོགས་དང་ རྒྱལ་སྤྱིའི་གནས་ཚད་ནང་ འགོ་ཁྲིད་པའི་འགན་ཁུར་འབག་མི་ལུ་ འབྲུག་གིས་ཡང་ རྒྱབ་སྐྱོར་འབད་ཡོད་པའི་ཁར་ རྒྱ་གར་ལུ་ སྲིད་དང་དཔལ་འབྱོར་ བརྟན་ཏོག་ཏོ་ཡོད་མི་དེ་གིས་ ལུང་ཕྱོགས་ནང་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ འབྲུག་ལུ་ཡང་ ཁེ་ཕན་བྱུང་སྟེ་ ཡོད་ཟེར་གསུངས་ཡི།
འབྲུག་གི་དཔལ་འབྱོར་དང་ མི་སྡེ་གོང་འཕེལ་དོན་ལུ་ གྲོགས་རམ་འབད་མི་ལུ་ རྒྱ་གར་གཞུང་དང་ མི་སེར་ཚུ་ལུ་ དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་ད་ མང་སྡེ་ཆུ་གློག་མེ་ལས་འགུལ་དང་ གན་ཡིག་གཞན་བཀོད་མི་དེ་གིས་ འབྲུག་གི་དོན་ལུ་ ཡུན་རིང་གི་ དམིགས་དོན་ཚུ་འགྲུབ་ཐབས་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ ལས་འགུལ་མཇུག་བསྡུ་ཚུགས་མི་ལུ་བརྟེན་ རྒྱ་འབྲུག་གི་སྡེ་ཚན་ལུ་ དགའ་ཚོར་ཡོད་ཟེར་གསུངས་ཡི།
གློག་ཤུགས་ཀྱི་ཐོན་ཚད་ ཆུང་སུ་ཅིག་ཨིན་རུང་ དེ་གིས་ སྤྱི་ལོ་༢༠༢༤ གི་ནང་འཁོད་ལུ་ རྒྱ་གར་གྱི་ ནང་འཁོད་འོང་འབབ་ ཡུ་ཨེསི་ཌོ་ལར་བྱེ་བ་༥ ལུ་ ལྷོད་ཚུགསཔ་བཟོ་ནིའི་ དམིགས་གཏད་ཡོད་མི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིནམ་ལས་ སེམས་དགའ་སྟེ་ཡོད་ཟེར་ཨིན་པས།
འཕྲུལ་སྐར་གྱི་ ཞབས་ཏོག་ལྟེ་བ་ནང་ གྲོགས་རམ་འབད་མི་དེ་ཡང་ དུས་མཐུན་ཨིནམ་ལས་ དེ་གིས་ འབྲུག་ཡུལ་གྱི་ལས་རིམ་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ གསུངས་ཡོདཔ་ད་ རྒྱ་འབྲུག་གི་བར་ན་ སྦོམ་ཆུང་གི་ཁྱད་པར་ཡོད་རུང་ བློ་གཏད་ཡིད་ཆེས་དང་ མནོ་བསམ་གཏང་ཐངས་དེ་ ཅོག་ར་འཐད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *