རྒྱ་གར་གྱིས་ ཇི་ཨེསི་ཊི་ཁྲལ་ བསྐྱར་བཟོ་འབད་མི་དང་བསྟུན་ འབྲུག་ཚོང་ཁྲལ་ཡང་ འོས་འབབ་བལྟ་དགོཔ།

༉ འཕྲལ་མགྱོགས་ར་ ང་བཅས་རའི་ རྒྱལ་ཁབ་ནང་ཡང་ རྒྱ་གར་ལས་ ནང་འདྲེན་འབད་མི་ བཟའ་ཆས་དང་ རྒྱུ་ཆས་གྱི་རིགས་ཚུ་ བརྒྱ་ཆ་༡༠ དེ་ཅིག་ གོང་ཚད་མར་འབབ་འགྱོ་ནི་ཨིནམ་ལས་ སྤྱིར་བཏང་འབྲུག་མི་ཚུ་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ད་རེས་ཁམས་ཅིག་ཁར་ རྒྱ་གར་ལུ་ ཇི་ཨེསི་ཊི་ཟེར་མི་ ཅ་ཆས་དང་ ཞབས་ཏོག་གི་ཁྲལ་ཚུ་ མར་ཕབ་འབད་མི་ལུ་བརྟེན་ཏེ་ཨིན་མས།
དཔེ་འབད་བ་ཅིན་ རྒྱ་གར་ལས་ ནང་འདྲེན་འབད་མི་སྣུམ་འཁོར་ ཤུགས་ཚད་སི་སི་༡,༥༠༠ མན་ཆད་འབད་མི་ཚུ་ གོང་ཚད་བརྒྱ་ཆ་༡༤ དེ་ཅིག་དང་ སི་སི་༡,༥༠༠ ཡན་ཆད་འབད་མི་ཚུ་ གོང་ཚད་བརྒྱ་ཆ་༢༥ དེ་ཅིག་ མར་འབབ་འགྱོ་བའི་ རེ་བ་ཡོདཔ་ཨིན་མས།
མ་གཞི་ ཨ་རྟག་དང་ཕྱདཔ་ད་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཅ་ཆས་དང་ བཟའ་ཆས་ཚུ་ ཆ་མཉམ་ར་ གོང་ཚད་ཁེ་སུ་ཅིག་སྦེ་ འོང་ནི་ཨིནམ་ད་ དེ་ཡང་ གཙོ་བོ་ར་ རྒྱ་གར་གྱིས་ ཕྱིར་ཚོང་འཐབ་མི་ ཅ་ཆས་ཚུ་ལུ་ ཁྲལ་དགོངས་ཡངས་བཏང་ནི་དེ་གིས་ཨིན་མས།
རྒྱ་གར་གྱི་ ནང་འཁོད་ཚོང་འབྲེལ་ནང་འབད་བ་ཅིན་ ཇི་ཨེསི་ཊི་ཁྲལ་དང་ ཆིག་སྒྲིལ་ཇི་ཨེསི་ཊི་ཁྲལ་ཚུ་ ཆ་མཉམ་ར་ མ་ཕོགཔ་སྦེ་ བཟོ་ཡོད་མི་ལུ་བརྟེན་ རྒྱ་གར་ལས་ ཕྱིར་ཚོང་འཐབ་མི་ ཅ་ཆས་ཚུ་ལུ་ གོང་ཚད་ཁེ་སུ་ཅིག་ལས་ མི་གནས་དོ་ཡོདཔ་ད་ ཨིན་རུང་ རྒྱ་གར་ལུ་ ཀོཝ་གི་ལག་བེག་དང་ ཆུ་ཚོད་འཁོར་ལོའི་ གོང་ཚད་ཚུ་ དུམ་གྲ་ཅིག་ མཐོ་སུ་ཅིག་སྦེ་ འོང་ནི་ཨིན་རུང་ དེ་གིས་ ཕྱིར་ཚོང་གི་ གོང་ཚད་ལུ་ ཐོ་མི་ཕོག་ནི་ཨིན་མས།
དེ་འབདཝ་ད་ རྒྱ་གར་གྱི་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཇི་ཨེསི་ཊི་ཁྲལ་ ཡང་ཆག་ལེན་ནིའི་དོན་ལུ་ ཅ་ཆས་ཚུ་ ངེས་བདེན་ཕྱིར་ཚོང་ཨིན་ཟེར་བའི་ དངུལ་ཁང་གང་རུང་ཅིག་ལས་ འགན་ལེན་ཡི་གུ་ ལེན་དགོཔ་སྦེ་ བཟོ་ཡོདཔ་ཨིན་མས།
རྒྱ་གར་གྱི་ ཚོང་འབྲེལ་འཐབ་མི་ཚུ་གིས་འབད་བ་ཅིན་ ཚོང་ཉོ་འདྲེན་འབད་མི་ འབྲུག་མི་ཚུ་ལུ་ ད་ལྟོ་ ཇི་ཨེསི་ཊི་ཁྲལ་རྩིས་རྐྱབ་སྟེ་ གོང་ཚད་བཀོད་དོ་ཡོདཔ་ཨིན་རུང་ ཤུལ་ལས་ ཇི་ཨེསི་ཊི་ཁྲལ་ ལོག་ཐོབ་པའི་སྐབས་ དེ་དང་བསྟུན་ ཁྲལ་ཡང་ཆག་ཐོག་གི་ ཕབ་ཆག་འཐོབ་ཚུགས་ཟེར་ཨིན་མས།
ད་ལྟོ་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་བཟུམ་ཅིག་འབད་བ་ཅིན་ བཟོ་སྐྲུན་འབད་མི་ཚུ་ལས་ གོང་ཚད་གསརཔ་བཀོད་མིའི་ ཐོ་ཡིག་ཚུ་ མ་ཐོབ་ནི་དེ་གིས་ ཚོང་འབྲེལ་འཐབ་མི་ཚུ་ མགུ་འཐོམ་བྱུང་སྟེ་ཡོད་ཟེར་ཨིན་མས།
ཁྲལ་བསྐྱར་བཟོ་འབད་མི་ལུ་བརྟེན་ རྒྱ་གར་གྱི་ བཟོ་གྲྭ་ཁང་ཚུ་ནང་འཁོད་ལུ་ དོ་འགྲན་བྱུང་མི་དང་བསྟུན་ འབྲུག་གི་ བཟོ་གྲྭ་ཁང་ཚུ་ལུ་ཡང་ ཅ་ཆས་ཚུ་གི་ གོང་ཚད་ཐད་ཁར་ དོ་འགྲན་འོང་ནི་ཨིན་མས།
དཔེ་འབད་བ་ཅིན་ ནང་འདྲེན་འབད་མི་ཅ་ཆས་ཚུ་ གོང་ཚད་ཁེ་སུ་སྦེ་འོངམ་ད་ར་ བཟའ་ཆས་དང་ ཅ་ཆས་གཞན་ཚུ་གུ་བཀལ་མི་ འབྲུག་གི་ཚོང་ཁྲལ་དེ་ཡང་ བརྟག་ཞིབ་འབད་དགོཔ་འདུག།
ལོ་རྒྱུས་གོ་མི་དང་འཁྲིལཝ་ད་ དངུལ་རྩིས་ལྷན་ཁག་ལས་ འཐུས་མི་སྡེ་ཚན་ཅིག་ གནས་སྟངས་བལྟ་ནིའི་དོན་ལུ་ ནིའུ་ལྡི་ལི་ལུ་ སོང་ཡོདཔ་བཞིན་དུ་ རྒྱ་གར་གཞུང་གིས་འབད་རུང་ འབྲུག་པའི་ཅ་ཆས་ཚུ་གི་དོན་ལུ་ ཐོན་སྐྱེད་འབད་ས་ལས་ར་ ཇི་ཨེསི་ཊི་ཁྲལ་ ཡང་ཆག་གཏང་ནི་སྦེ་ ཁ་བཟེད་ནུག་ཟེར་ཨིན་མས།
ང་བཅས་རའི་ གཞུང་གིས་འབད་རུང་ སྔ་གོང་ལས་ར་ རྒྱ་གར་གྱིས་ ཇི་ཨེསི་ཊི་ཁྲལ་ བསྐྱར་བཟོ་འབད་མི་དང་བསྟུན་ འབྲུག་ཚོང་ཁྲལ་གྱི་ ལམ་ལུགས་དེ་ཡང་ འོས་འབབ་བལྟ་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།

༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …

Leave a Reply

Your email address will not be published. Required fields are marked *