རྒྱ་གར་གྱི་ སློབ་ཕྲུག་བུཚ་ཅིག་ བསད་ཡོད་པའི་གནད་དོན་ཐོག་ ནང་འགྲིག་འབད་ནི།

༉ འཕྲལ་ཁམས་ཅིག་ཁར་ རྒྱ་གར་ ཨ་སམ་མངའ་སྡེ་བཱ་ར་མ་ལུ་ འབྲུག་པའི་སྣུམ་འཁོར་ ཊི་པར་ཅིག་གིས་ སློབ་ཕྲུག་བུཚ་གཅིག་ བསད་ཡོད་པའི་གནད་དོན་དེ་ ནང་འགྲིག་འབད་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་བདག་སྐྱོང་དང་ འབྲུག་དང་ རྒྱ་གར་མཐུན་ཚོགས་༢ ཀྱིས་ ཚེ་འདས་ཀྱི་ ཕམ་༢ དང་གཅིག་ཁར་ བློ་སླབ་ནི་ཨིན་པས།

བསམ་གྲུབ་ལྗོངས་མཁར་རྫོང་བདག་ མཐར་ཕྱིན་ལྷུན་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་གི་སྐོར་ལས་ ཧ་གོཝ་ཅིག་ དེ་ཁའི་ འབྲེལ་ཡོད་དབང་འཛིན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་མ་ཚད་ འབྲེལ་ཡོད་འགོ་དཔོན་ཚུ་ཡང་ བཱ་ར་མ་ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ནང་ བཏང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨ་སམ་དང་ བེང་གཱལ་གྱི་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ འབྲུག་པའི་སྣུམ་འཁོར་ཚུ་གིས་ ཤུགས་ཚད་ལས་བརྒལ་ བཏང་དོ་ཡོད་པའི་ ལོ་རྒྱུས་གོཝ་ལས་ མ་འོངས་པར་ དེ་བཟུམ་མའི་ གནད་དོན་ཚུ་ མར་ཕབ་འབད་ཐབས་ལུ་ དེད་གཡོགཔ་ཚུ་ལུ་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
དེ་བཟུམ་མའི་ བྱུང་རྐྱེན་ཚུ་གི་སྐབས་ ག་ནི་ཡང་ རྒྱབ་སྐྱོར་འབད་མ་ཚུགས་མི་དེ་ཡང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཤེས་རྟོགས་མ་འབྱུང་པའི་ ཧེ་མ་ལས་ མི་ཚུ་གིས་ ག་ཅི་ཡང་ འབད་ཚར་དོ་ཡོད་མི་ལུ་བརྟེན་ཨིནམ་ད་ མི་ཚུ་ལས་ཧེ་མར་ དབང་འཛིན་ཚུ་གིས་ ཤེས་པ་ཅིན་ མཐུན་ལམ་ལེགས་ཤོམ་ཡོདཔ་ལས་ རྒྱབ་སྐྱོར་འབད་དེ་ར་ ཡོད་ཟེར་ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ ཁོང་གིས་ ཚེ་འདས་ཀྱི་ ཕམ་དང་གཅིག་ཁར་ ནང་འགྲིག་འབད་ནིའི་སྐོར་ལས་ བློ་སླབ་ནི་ཟེར་ཨིནམ་ད་ ནང་འགྲིག་འབད་བཏུབ་པ་ཅིན་ རྒུད་འཐུས་ཚུ་ དོགས་ཅན་ཁོ་ར་གིས་ བཏབ་དགོ་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ འབད་མ་བཏུབ་པ་ཅིན་ ཁོང་གི་ ཁྲིམས་ལུགས་དང་འཁྲིལ་ ཁྲིམས་ཀྱི་འདུན་སར་ བཅར་དགོ་ཟེར་ཨིན་པས།
འབྲུག་དང་ རྒྱ་གར་མཐུན་ཚོགས་ཀྱི་ འཐུས་མི་གཅིག་གིས་ སླབ་མིའི་ནང་ ད་ལྟོ་ གནད་དོན་དེ་ལུ་ ག་ནི་ཡང་ རྒྱབ་སྐྱོར་འབད་མི་ཚུགས་ཟེར་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ རྒྱ་གར་གྱི་ ཆ་རོགས་ཚུ་ལས་ གོཝ་མ་གཏོགས་ གཞུང་འབྲེལ་དུ་ སྙན་ཞུ་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མཐུན་ཚོགས་ཀྱི་ དམིགས་ཡུལ་དང་ སྲིད་བྱུས་དེ་ རྩེད་རིགས་དང་ ལམ་སྲོལ་ལ་སོགས་པའི་ ལས་སྣ་ཚུ་གི་ཐོག་ལས་ མི་སེར་དང་ མི་སེར་འབྲེལ་བ་འཐབ་སྟེ་ རྒྱལ་ཁབ་༢ ནང་ ཞི་བདེ་དང་མཐུན་ལམ་ གཅིག་མཐུན་ལ་སོགས་པ་ཚུ་ སྒྲིང་སྒྲི་བཟོ་ནི་དེ་ཨིནམ་ལས་ འཐུས་མི་ག་ར་གིས་ གནད་དོན་ཚུ་ནང་ འབྲེལ་གཏོགས་འབད་དེ་ རྒྱབ་སྐྱོར་འབད་མི་ཚུགས་ཟེར་ཨིན་པས།
མཐུན་ཚོགས་ཀྱི་ འཐུས་མི་ཚུ་ག་ར་ ཁས་བླངས་པ་ཨིན་པའི་ཁར་ མི་ཚུ་གི་ ཚེ་སྲོག་ལུ་ གུས་ཞབས་ཡོདཔ་ལས་ ཕྱོགས་གཅིག་གི་ སྙན་ཞུ་ཉན་ཐོག་ལས་ རྒྱབ་སྐྱོར་འབད་ནི་དེ་ ལཱ་ཁག་འདུག་ཟེར་ འཐུས་མི་དེ་གིས་ བཤདཔ་ཨིན་པས།
གནས་ཚུལ་བྱིན་མི་དང་འཁྲིལཝ་ད་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་ཐབས་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་ བཱ་ར་མ་ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ བཏང་ནུག་ཟེར་ཨིནམ་ད་ ཞིབ་དཔྱད་སྐབས་ སྐྱེས་ལོ་༢༦ ལང་མི་ དོགས་ཅན་དེད་གཡོགཔ་གིས་ བང་ཊར་ལས་ ངང་ལམ་ལུ་ རྡོ་སོལ་འབག་འགྱོ་བའི་སྐབས་ སྐྱེས་ལོ་༡༣ ལང་མི་ སློབ་ཕྱུག་བུཚ་ཅིག་ འཐུ་བཀོག་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཚེ་འདས་བུཚ་དེ་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཕོ་སྐྱེས་གཞན་མི་༢ ལུ་ཡང་ རྨ་སྐྱོན་བྱུང་ཡོད་རུང་ སྤྱི་ཟླ་༦ པའི་ཚེས་༣ ལུ་ སྨན་ཁང་ནང་ལས་ བཏང་ནུག་ཟེར་ཨིནམ་ད་ དེ་ཁའི་ མི་སེར་ཚུ་ ཙིགཔ་ཟ་མི་ལུ་བརྟེན་ སྣུམ་འཁོར་ཊི་པར་དེ་ མེ་བཏང་ཡོད་པའི་ཁར་ རྟིང་བདའ་འོང་མི་ སྣུམ་འཁོར་ཇམ་བོ་ཊག་དེ་ཡང་ མེ་བཏང་ནུག་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ དོགས་ཅན་དེད་གཡོགཔ་དེ་ཡང་ ཞུ་བ་འབད་མི་ལུ་བརྟེན་ བར་མི་བཙུགས་ཏེ་ དོ་དམ་ནང་ལས་ བཏང་ཡི་ཟེར་ཨིནམ་ད་ ཁོ་ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ གནས་ཚང་དང་ སྤུན་ཆ་ཚུ་དང་གཅིག་ཁར་ ངང་ལམ་སྨན་ཁང་ནང་ སྨན་བཅོས་འབད་བར་ བཏང་ཡི་ཟེར་ཨིན་པས།
བཱ་ར་མ་ཁྲིམས་སྲུང་འགག་པའི་ ཡིག་ཚང་གི་ བཀོད་ཁྱབ་འགོ་དཔོན་དང་འཁྲིལཝ་ད་ ད་ལྟོ་ ཊི་པར་དང་ ཇམ་བོ་༢ བཱ་ར་མ་ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ནང་ཡོདཔ་ད་ ཞིབ་དཔྱོདཔ་ཚུ་ འབད་ཚར་བའི་ཤུལ་ལས་ ཇོ་བདག་ཚུ་ལུ་ རྩིས་སྤྲོད་འབད་ནི་ཟེར་ཨིན་པས།
བྱུང་རྐྱེན་སྐབས་ མཐོང་མི་ཚུ་གིས་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ བཏང་ཡོདཔ་སྦེ་ཨིན་རུང་ དོགས་ཅན་གྱིས་འབད་བ་ཅིན་ སྣུམ་འཁོར་བཀག་འཕྲུལ་ བེ་རེག་མ་བཏུབ་མི་དང་ ཚེ་འདས་བུཚ་གིས་ གཞུང་ལམ་ལས་ ཧང་སྟོང་མར་ ཐོན་འོང་མི་ལུ་བརྟེན་ བྱུང་ཡི་ཟེར་ཨིན་པས།
ང་བཅས་ཀྱིས་ དོགས་ཅན་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་དཔའ་བཅམ་རུང་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ཡོད་མི་ དོགས་ཅན་གྱི་ འགྲུལ་འཕྲིན་ཨང་དེ་མ་བཏུབ་ལས་ འབྲེལ་བ་འཐབ་མ་ཚུགས་རུང་ ད་ལྟོ་ ངང་ལམ་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ བྱུང་རྐྱུན་དེ་ སྤྱི་ཟླ་༦ པའི་ཚེས་༢ ཀྱི་ དྲོ་པའི་ཆུ་ཚོད་ཕྱེད་དང་༩ ལུ་ བྱུང་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *