བསམ་གྲུབ་ལྗོངས་མཁར་ལུ་འོང་མི་ རྒྱ་གར་གྱི་ སྣུམ་འཁོར་ཊཱག་ཚུ།

རྒྱ་གར་གྱི་ སྣུམ་འཁོར་ཊཱག་ཚུ་གིས་ བསམ་གྲུབ་ལྗོངས་མཁར་ཁྲོམ་ནང་ གནོད་སྐྱོན་ རྐྱབ་དོ་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༢ པའི་ནང་ བསམ་གྲུབ་ལྗོངས་མཁར་ལུ་ རྒྱལ་འཛིན་མེ་ཏོག་འགྲེམས་སྟོན་འགོ་འདྲེན་འཐབ་ནི་དེ་གིས་ ཁྲོམ་སྡེ་དེ་ ཧེ་མ་དང་མ་འདྲ་བའི་ མཛེས་ཏོག་ཏོ་ཅིག་ལུ་ གྱུར་ཡོད་པའི་ཁར་ མཐའ་འཁོར་གནས་སྟངས་ཚུ་འབད་རུང་ གཙང་སྦྲ་དང་ལྡནམ་སྦེ་ མཐོངམ་ཨིན་པས།
དེ་ལས་ སྤྱི་ཟླ་༤ པའི་ཚེས་༡ ལས་ རྒྱལ་ཁབ་ནང་ ཚོད་བསྲེ་ལ་སོགས་པ་ཚུ་བཙུགས་མི་ ཆུ་ཤོག་དང་ གྱིབ་ཀྱི་ཕད་ཅུང་ཚུ་ ལག་ལེན་འཐབ་ནི་ལས་ བཀག་འཛིན་འབད་མི་དེ་གིས་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ས་ཁོངས་ཚུ་ གཙང་ཏོག་ཏོ་བཟོ་ནི་ལུ་ ཧེང་སྐལ་ར་ ལྷན་ཐབས་བྱུང་ཡི།
ཨིན་རུང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་བརྒྱུད་དེ་ རྡོ་དཀར་དང་ རྡོ་སོལ་སྐྱེལ་འདྲེན་འབད་མི་ རྒྱ་གར་གྱི་ སྣུམ་འཁོར་ལེནཌ་ཊཱག་ཚུ་ རྒྱུན་འགྲུལ་འཐབ་མི་དེ་གིས་ ཁྲོམ་སྡེའི་ས་ཁོངས་ནང་ བཙོག་རླུང་ལུ་བརྟེན་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་དང་ འཁོར་ལམ་མེདཔ་བཏང་མི་ལ་སོགས་པའི་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་སྡོད་མི་ འཇིགས་མེད་ཆོས་རྒྱལ་གྱིས་ སླབ་མིའི་ནང་ ཁྲོམ་སྡེ་ནང་ ཧེ་མ་ལས་ པདྨ་དགའ་ཚལ་ལས་ རྡོ་དཀར་སྐྱེལ་འདྲེན་འཐབ་མི་ ཊཱག་ཚུ་གིས་ མཐའ་འཁོར་གནས་སྟངས་ཚུ་ལུ་ གནོད་སྐྱོན་ཚུ་ རྐྱབ་དོ་ཡོད་པའི་ཁར་ རྒྱ་གར་གྱི་ ལེནཌ་ཊཱག་ཚུ་ འོང་མི་དེ་གིས་ ཧེང་སྐལ་ར་ གནོད་སྐྱོན་རྐྱབ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཊཱག་གི་སྐད་ཚུ་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ནང་ སྡོད་མི་དེ་ སྐྱིད་ཏོང་ཏོ་ཅིག་ རྩ་ལས་མིན་འདུག་ཟེར་ ཨིནམ་བཞིན་དུ་ སྣུམ་འཁོར་རྒྱུན་འགྲུལ་འཐབ་པའི་སྐབས་ལུ་ཡང་ ཐོག་ལུས་ནི་ལ་སོགས་པའི་ དཀའ་ངལ་ཚུ་ བྱུངམ་མས་ཟེར་ཨིན་པས།
དེད་གཡོགཔ་ཅིག་ཨིན་མི་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ཁྲོམ་སྡེ་ནང་ སྣུམ་འཁོར་བཞག་སའི་ ས་ཁོངས་བཟོ་སྐྲུན་འབད་དེ་ཡོད་རུང་ ཉིན་ནུབ་མེད་པར་ རྒྱ་གར་གྱི་ཊཱག་ཚུ་ བཞག་དོ་ཡོདཔ་ལས་ འབྲུག་པའི་སྣུམ་འཁོར་ཊཱག་ཚུ་ བཞག་ས་མ་ཐོབ་པའི་ གདོང་ལེན་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྣུམ་འཁོར་ཚུ་བཞག་སའི་ ས་ཁོངས་མ་འཐོབ་པར་ ས་གོ་ག་ཏེ་ལྷོད་སར་ བཞག་པའི་བསྒང་ལས་ ཁྲིམས་སྲུང་སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ ཁྲིམས་སྲུང་འགག་པ་གིས་ ཉེས་བྱ་ཚུ་ བཀལ་དོ་ཡོདཔ་ལས་ འཕྲལ་མགྱོགས་ར་ དཀའ་ངལ་དེ་ སེལ་ཐབས་འབད་དགོཔ་ འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་གཞན་ཚུ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ཊཱག་ཚུ་ འབྲུག་པའི་ཊཱག་ཚུ་དང་ཕྱདཔ་ད་ སྦོམ་ཡོདཔ་ལས་ དོ་ཡང་ལེ་ཤ་འབག་དོ་ཡོད་མི་ལུ་བརྟེན་ འཁོར་ལམ་ཚུ་ཡང་ མེདཔ་བཏང་ཚར་དོ་ཡོདཔ་མ་ཚད་ རང་བཞིན་གནས་སྟངས་ལུ་ཡང་ གནོད་སྐྱོན་སྦོམ་ འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ འཁོར་ལམ་ཉམས་བཅོས་དང་ ཕྱགས་སྙིགས་ལ་སོགས་པའི་ ཐབས་ལམ་ག་དེམ་ཅིག་བཏོན་རུང་ ཁུངས་དོན་མེདཔ་བཟུམ་སྦེ་ འགྱོ་དོ་ཡོདཔ་ལས་ དཀའ་ངལ་བསལ་ཐབས་འབད་ནིའི་ འགན་ཁུར་དེ་ ཁྲོམ་སྡེ་དང་ རྫོང་ཁག་བདག་སྐྱོང་༢ ལས་ ག་ལུ་ཕོགཔ་ཨིན་ན་ ཧ་མི་གོ་བས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱལ་གྱིས་ སླབ་མིའི་ནང་ རྒྱ་གར་གྱི་ ལེནཌ་ཊཱག་ཚུ་ ཁྲོམ་སྡེའི་ས་ཁོངས་ནང་ལས་ རྒྱུན་འགྲུལ་འབད་མི་དེ་གིས་ ཁྲོམ་སྡེའི་མཛེས་སྣང་དང་ རང་བཞིན་གནས་སྟངས་ཚུ་ལུ་ གནོད་སྐྱོན་སྦོམ་ ཡོད་ཟེར་ཨིནམ་ད་ ཊཱག་དེ་ཚུ་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱི་ རྡོ་དཀར་དང་ རྡོ་སོལ་སྐྱེལ་འདྲེན་འབད་མི་ཚུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཁོར་ལམ་གྱི་ རྩི་ནག་ཚུ་ཡང་ འབྲུག་པའི་ཊཱག་ཚུ་གི་ ལྗིད་ཚད་དང་འཁྲིལ་བཏང་ཡོདཔ་ད་ ཉིན་བསྟར་བཞིན་དུ་ རྒྱ་གར་གྱི་ཊཱག་༤༠ དང་༥༠ དེ་ཅིག་ རྒྱུན་འགྲུལ་འབད་དོ་ཡོད་མི་དེ་གིས་ འཁོར་ལམ་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ ཊཱག་གི་སྐད་ཚུ་གིས་ དཀའ་ངལ་བྱིན་དོ་ཡོདཔ་སྦེ་ མི་ཚུ་གིས་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གཏེར་ལས་འཛིན་ལུ་ རྡོ་དཀར་བཏོན་སའི་ས་ཁོངས་དེ་ སྤོ་བཤུད་འབད་དགོཔ་སྦེ་ སླབ་པའི་སྐབས་ ལས་འཛིན་གྱིས་ དུས་ཚོད་དགོཔ་སྦེ་ སླབ་ནི་དེ་གིས་ དུས་ཅི་ སྤྱི་ཟླ་༡༢ པའི་ཚེས་༣༡ ཚུན་ དུས་ཚོད་ཕར་འགྱངས་འབད་དེ་ བྱིན་ཡི་ཟེར་ཨིན་པས།
ལས་འཛིན་གྱི་ རྡོ་དཀར་ལ་སོགས་པ་ཚུ་ སྐྱེལ་འབད་ནིའི་དོན་ལུ་ འཁོར་ལམ་ལོགས་སུ་ཅིག་ཡང་ བཟོ་སྐྲུན་འབད་དགོཔ་འདུག་ཟེར་ཨིན་རུང་ འཁོར་ལམ་དེ་ ག་གིས་བསལ་ནི་ཨིན་ན་ ཤེས་རྟོགས་མེད་ཟེར་ཨིནམ་ད་ ས་ཁོངས་དེ་ སྤོ་བཤུད་འབད་བའི་ཤུལ་ལས་ དཀའ་ངལ་དེ་ཚུ་ བསལ་ཚུགས་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
ས་གཏེར་ལས་འཛིན་གྱི་ འགོ་དཔོན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས་རུང་ ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ རྡོ་དཀར་བཏོན་སའི་ ས་ཁོངས་དེ་ མོ་ཏང་ག་ལུ་ སྤོ་བཤུད་འབད་ནིའི་དོན་ལུ་ ས་ཁོངས་ཚུ་ལྟ་དོ་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *