རྒྱ་གར་གྱི་ བློན་ཆེན་གྱི་ གཟིགས་སྐོར་སྐབས་ མང་སྡེ་ཆུ་ གློག་མེ་ལས་འགུལ་ འགོ་འབྱེད་གནང་ནི།

ད་རུང་ གོ་བརྡའི་ཆིངས་ཡིག་ཁག་༩ གུ་ མཚན་རྟགས་བཀོད་གནང་ནི་དང་ ལས་སྣ་གཞན་༤ འགོ་བཙུགས་གནང་ནི་ཨིན་པས།
༉ བདུན་ཕྲག་ཤུལ་མའི་ནང་ འབྲུག་ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་གིས་ རྒྱལ་ཁམས་ཀྱི་ གཟིགས་སྐོར་གནངམ་ད་ དྲན་རྟགས་དང་ལྡན་པའི་ ལས་སྣ་ལེ་ཤ་ཅིག་ འགོ་འདྲེན་འཐབ་ནི་ཨིན་མི་ལས་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་འཕྲུལ་ཁང་དེ་ འགོ་འབྱེད་གནང་ནི་ཨིན་པས།
བློན་ཆེན་མོ་དི་མཆོག་ འབྲུག་གི་བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གི་ མགྲོན་བརྡ་ཐོག་ལས་ སྤྱི་ཟླ་༨ པའི་ཚེས་༡༧ ལུ་ གཟིགས་སྐོར་ཉིན་གྲངས་༢ ཀྱི་དོན་ལུ་ རྒྱལ་ཁབ་ནང་ ཕེབས་ནི་ཨིན་པས།
ཐིམ་ཕུག་ལུ་ ཕེབས་པའི་ཉིན་མར་ བློན་ཆེན་མོ་དི་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ནི་ཨིནམ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ཡང་ མཇལ་ཕྲད་ཞུ་ནི་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡༧ གྱི་དྲོ་པར་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ ཐིམ་ཕུག་ལུ་བྱོནམ་ད་ བློན་ཆེན་མོ་དི་གིས་ རྒྱ་གར་གཞུང་གི་ཧོངས་ལས་ གནས་སྐབས་ཅིག་གི་དོན་ལུ་བྱིན་མི་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ སྐུ་འདྲ་བཞུགས་སུ་གསོལ་ཏེ་ཡོད་མི་ སེམས་རྟོགས་ཁ་རྫོང་ནང་ གཟིགས་སྐོར་གནང་ནི་དང་ རྫོང་གི་ས་ཁོངས་ནང་ ཤིང་གི་ལྕངམ་ཅིག་ཡང་ བཙུགས་ནི་གི་ ལས་འཆར་འདུག།
དེ་གི་ཤུལ་ལས་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་བྱོན་ཏེ་ ཐུགས་སྨོན་དང་ དཀར་མེ་ཕུལ་གནང་ནི་ཨིན་པས།
མི་དབང་མཆོག་གི་ སྐུ་མདུན་ལུ་ བཅར་བའི་ཤུལ་ལས་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ བློན་ཆེན་མོ་དི་དང་ གསུང་གྲོས་གནང་ཞིནམ་ལས་ རྒྱལ་ཡོངས་ཚོགས་ཁང་ནང་ བྱོན་ཐོག་ལས་ དྲན་རྟགས་ཅན་གྱི་ ལས་སྣ་ཚུ་ འགོ་འབྱེད་དང་ གསར་བཙུགས་གནང་ནི་ཨིན་པས།
མང་སྡེ་ཆུ་གློག་མེ་འཕྲུལ་ཁང་འགོ་འབྱོད་གནང་པའི་ཤུལ་ལུ་ བློན་ཆེན་༢ ཀྱིས་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ ཆུར་བརྟེན་གློག་མེ་ནང་ མཉམ་འབྲེལ་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་༥ འཁོར་བའི་ རྗེས་དྲན་གྱི་ འགྲེམ་རྟགས་ཅིག་ གསར་བཏོན་གནང་ནི་ཨིན་པས།
ད་རུང་ བློན་ཆེན་མོ་དི་གིས་ འཕྲུལ་རིག་ཐོག་ལས་ དངུལ་བཙུགས་བཏོན་འབད་ནིའི་ ལྷན་ཐབས་ལུ་ འགོ་བཙུགས་མི་ རྒྱ་གར་གྱི་ རུ་པེ་ཤོག་བྱང་དེ་ཡང་ འགོ་བཙུགས་ནི་ཨིནམ་ད་ ཤོག་བྱང་ལག་ལེན་འགོ་བཙུགས་པའི་བསྒང་ལས་ སིང་ག་པུར་རྒྱལ་ཁབ་ཤུལ་ལས་ ཨང་གཉིས་པ་དེ་ འབྲུག་འོང་ནི་ཨིན་པས།
རུ་པེ་ཤོག་བྱང་དེ་ འབྲུག་དང་ རྒྱ་གར་གྱི་ས་ཁོངས་གཉིས་རའི་ ཨེ་ཊི་ཨེམ་དང་ བཙོང་སའི་ས་གོ་ཚུ་ནང་ ལག་ལེན་འཐབ་བཏུབ་ནི་ཨིན་པས།
དེ་ལས་ སཱསི་ཟེར་ལྷོ་ཨེ་ཤི་ཡ་འཕྲུལ་སྐར་གྱི་དོན་ལུ་ འཕྲུལ་ཁང་ཅིག་དང་ རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཡོངས་འབྲེལ་ (ཨེན་ཀེ་ཨེན) དང་ འབྲུག་ཞིབ་འཚོལ་དང་ ཤེས་རིག་ཡོངས་འབྲེལ་ (འབྲུག་རེན) གྱི་བར་ན་ ཕན་ཚུན་མཐུད་སྦྲེལ་ལས་རིམ་ཅིག་ཡང་ འགོ་བཙུགས་ནི་ཨིན་པས།
དེ་ལས་ རྒྱལ་ཁབ་གཉིས་ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་ཁག་༩ གུ་ མཚན་རྟགས་བཀོད་དེ་ བརྗེ་སོར་འབད་ནི་ཨིནམ་ད་ ཆིངས་ཡིག་ཚུ་གི་གྲས་ལས་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ གནམ་གྲུ་ཞིབ་དཔྱད་སྡེ་ཕྲན་དང་ རྒྱ་གར་གཞུང་གི་ ཞི་བའི་མཁའ་འགྲུལ་ལྷན་ཁག་གི་ གནམ་གྲུ་ཐུག་རྐྱེན་དང་ ཞིབ་དཔྱད་ལས་སྡེའི་བར་ན་ གནམ་གྲུ་ཐུག་རྐྱེན་དང་ བྱུང་རྐྱེན་ཞིབ་དཔྱད་ཀྱི་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་ཨིན་པས།
ཤེས་ཡོན་མཁས་མཆོག་དང་ ལེགས་སྦྱར་བ་ཚུ་གི་བར་ན་ བརྗེ་སོར་ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ རྒྱ་གར་ཀཱན་པུར་དང་ ལྡི་ལི་ སིལ་ཅར་ མུམ་བེ་ལུ་ཡོད་མི་ མིང་གཏམ་ཅན་གྱི་ གཙུག་ལག་སློབ་སྡེ་༤ གི་བར་ན་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་ཨིན་པས།
ད་རུང་ ཁྲིམས་སྡེའི་སྦྱོང་བརྡར་དང་ མཉམ་འབྲེལ་གྱི་དོན་ལུ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་དང་ རྒྱ་གར་རྒྱལ་ཡོངས་ཁྲིམས་སྤེལ་ཁང་གི་བར་ན་དང་ དེ་ལས་ ཁྲིམས་དོན་ཤེས་ཡོན་དང་ ཞིབ་འཚོལ་ནང་ ཆོས་ཚན་བཟོ་ནི་དང་ ལམ་སྲོལ་དང་འབྲེལ་བའི་ ཕན་ཚུན་བརྗེ་སོར་ལས་རིམ་གྱི་དོན་ལུ་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་ཀྱི་སློབ་སྡེ་དང་ རྒྱ་གར་གཙུག་ལག་སློབ་སྡེའི་ རྒྱལ་ཡོངས་སློབ་གྲྭའི་བར་ན་ཡང་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་ཨིན་པས།
འཕྲུལ་སྐར་དང་ གནམ་སྟོང་འཕྲུལ་རིག་ལས་དོན་ཚུ་ནང་ མཉམ་འབྲེལ་འབད་ནིའི་དོན་ལུ་ བརྡ་དོན་འཕྲུལ་རིག་དང་ བརྒྱུད་འཕྲིན་ལས་ཁུངས་ཀྱིས་ རྒྱ་གར་གྱི་གནམ་སྟོང་ཞིབ་འཚོལ་ལས་སྡེ་དང་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་ཨིན་པས།
བློན་ཆེན་མོ་དི་གིས་ ད་རེས་ འབྲུག་ལུ་ གཟིགས་སྐོར་གནང་ནི་ཨིན་མི་དེ་ ཐེངས་གཉིས་པ་ཨིནམ་ད་ གཟིགས་སྐོར་དང་པ་དེ་ སྤྱི་ལོ་༢༠༡༤ ཟླ་༦ པའི་ནང་ བློན་ཆེན་གྱི་ གོ་གནས་བཞེས་པའི་ཤུལ་ལུ་ རྒྱལ་ཁབ་ནང་ བྱོན་ཡོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ བློན་ཆེན་ན་རེན་ད་ར་མོ་དིའི་ གཟིགས་སྐོར་གྱིས་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཧེ་མ་ལས་ཡོད་པའི་ མཛའ་བཤེས་མཐུན་ལམ་དང་ མཉམ་འབྲེལ་དེ་ ལྷག་པར་དུ་ རྩ་བརྟན་བཟོ་འོང་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *