འབྲུག་གི་སྣུམ་འཁོར་༦༠༠ དེ་ཅིག་གིས་ ཉིན་བསྟར་བཞིན་དུ་ རྒྱ་གར་གྱི་ འཁོར་ལམ་ཚུ་ ལག་ལེན་འཐབ་ཨིན་པས།

རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འབད་མི་ཚུ་གིས་ སྒྲིག་གཞི་གསརཔ་ལུ་གནས་དགོཔ།

༉ ད་ལས་ཕར་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་བཏང་མི་ འབྲུག་པའི་དེད་གཡོགཔ་ཚུ་གིས་ ཚུལ་དང་མ་མཐུན་པའི་ སྣུམ་འཁོར་གཏང་ནི་ལས་ འཛེམ་དགོ་མི་དེ་ཡང་ ལམ་འགྲུལ་ཉེན་སྲུང་གི་དོན་ལུ་ རྒྱ་གར་གྱི་སྤྱི་ཚོགས་ཀྱིས་ འཕྲལ་ཁམས་ཅིག་ཁར་ སྣུམ་འཁོར་གྱི་འཕྲི་སྣོན་དཔྱད་ཡིག་དེ་ ཆ་འཇོག་འབད་ཡོདཔ་བཞིན་དུ་ ཁྲིམས་ལུགས་ལས་ འགལ་མི་ཚུ་ལུ་ ཉེས་བྱ་སྦོམ་སྦེ་ བཀལ་ནི་ཨིན་པས།
འབྲུག་མི་ཚུ་གིས་ རྒྱ་གར་ནུབ་བེང་གཱལ་དང་ ཨ་སམ་གྱི་གཞུང་ལམ་ཚུ་ དུས་རྒྱུན་དུ་ ལག་ལེན་འཐབ་དོ་ཡོདཔ་བཞིན་དུ་ འབྲེལ་ཡོད་དབང་འཛིན་ཚུ་གི་ ཐོ་བཀོད་དང་འཁྲིལཝ་ད་ ཕུན་ཚོགས་གླིང་འགེགས་སྲུང་སྒོ་ར་ནང་ལས་ སྣུམ་འཁོར་བོ་ལེ་རོ་ཚུ་ མ་བརྩིས་བར་ བདུན་ཕྲག་ཅིག་ནང་ སྣུམ་འཁོར་༥༠༠ དང་༦༠༠ གི་བར་ན་ རྒྱུན་འགྲུལ་འཐབ་དོ་ཡོད་མི་ཚུ་ཡང་ རྒྱ་གར་གྱི་གཞུང་ལམ་བདའ་སྟེ་ བསམ་གྲུབ་ལྗོངས་མཁར་དང་ ངང་ལམ་ དགེ་ལེགས་ཕུག་ ལྷ་མོའི་རྫིང་ཁ་ དེ་ལས་ བསམ་རྩེ་ཚུ་ནང་ འགྱོ་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྣུམ་འཁོར་ཚུ་ རྒྱ་གར་གྱི་ ས་གནས་གཞན་ སི་ལི་གུ་རི་དང་ སི་ཀིམ་ཚུ་ནང་ རྒྱུན་འགྲུལ་འཐབ་དོ་ཡོད་རུང་ དེད་གཡོགཔ་མང་ཤོས་ཅིག་གིས་ ག་ཏེ་འགྱོཝ་ཨིན་ན་ ཁ་གསལ་ཚུ་ ཐོ་བཀོད་མི་འབད་དོ་ཡོདཔ་ཨིན་པས།
དེ་ལས་ གཞུང་ལམ་བདའ་སྟེ་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་བོ་ལེ་རོ་༢༠༠ ལྷགཔ་ཅིག་དང་ བང་ལ་དེཤ་ལུ་ རྡོ་དང་ས་གཏེར་ཚུ་འབག་སྟེ་ སྣུམ་འཁོར་ཆེ་བ་ཊཱག་༣༠༠ ལྷགཔ་རེ་གིས་ རྒྱུན་འགྲུལ་འཐབ་དོ་ཡོདཔ་ཨིན་པས།
དཔྱད་ཡིག་དེ་ ནུབ་བེང་གཱལ་དང་ ཨ་སམ་མངའ་སྡེ་ནང་ ལག་ལེན་འཐབ་མི་འཐབ་ སླབ་མི་ཤེསཔ་ཨིན་རུང་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་མེད་པར་ སྣུམ་འཁོར་བཏང་པ་ཅིན་ ཉེས་བྱ་རུ་པི་༡,༠༠༠ ལས་ཡར་སེང་ཐོག་ རུ་པི་༥,༠༠༠ བཀལ་ནི་དང་ སྣུམ་འཁོར་ཤུགས་ཚད་ལས་བརྒལ བཏང་པ་ཅིན་ ཉེས་བྱ་རུ་པི་༥,༠༠༠ རེ་ བཀལ་ནི་ཨིན་པས།
དེ་ལས་ སྣུམ་འཁོར་ནང་ མི་འབག་ཆོག་པའི་ ཆོག་ཐམ་མེད་པར་ མི་སྐྱེལ་ལེན་འབད་བ་ཅིན་ ཉེས་བྱ་རུ་པི་༡༠,༠༠༠ རེ་ བཀལ་ནི་ཨིན་མི་དེ་ རུ་པི་༥,༠༠༠ ཡར་སེང་དང་ ཆང་འཐུང་སྟེ་ སྣུམ་འཁོར་བཏང་མི་ལུ་ རུ་པི་༡༠,༠༠༠ བཀལ་ནི་ཨིན་པས།
སྡོད་ཁྲིའི་ཐགཔ་མ་བསྡམ་པ་ཅིན་ ད་ལྟོ་ རུ་པི་༡༠༠ རེ་ བཀལ་དོ་ཡོད་མི་དེ་ རུ་པི་༡,༠༠༠ རེ་ ཉེས་བྱ་བཀལ་ནི་ཨིནམ་ད་ སྣུམ་འཁོར་ནང་ འགྲུལ་པ་ཐེབས་འབག་ཡོད་པ་ཅིན་ འགྲུལ་པ་རེ་རེ་ལུ་ ཉེས་བྱ་རུ་པི་༡,༠༠༠ རེ་བཀལ་ནི་དང་ དོ་ཚད་ལས་བརྒལ་འབག་པའི་ ཉེས་བྱ་ཡང་ རུ་པི་༢,༠༠༠ ལས་༢༠,༠༠༠ གུ་ ཡར་སེང་འབད་ཡོདཔ་ད་ དོ་ཐེབས་མེ་ཊིག་ཊཱན་རེ་ལུ་ རུ་པི་༢,༠༠༠ རེ་ བཀལ་ནི་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ འབྲུག་མི་ཚུ་གིས་ དོགས་སེལ་གྱི་དོན་ལུ་ འབྲེལ་བ་འཐབ་གནང་ཟེར་ཨིནམ་ད་ དེད་གཡོགཔ་ཚུ་གིས་ རྒྱལ་ཁབ་ཀྱི་ ལམ་འགྲུལ་བཅའ་ཡིག་ལུ་ དང་ལེན་འབད་དོ་བཟུམ་ རྒྱ་གར་གྱི་ ལམ་ལུགས་ལུ་ཡང་ གནས་དགོཔ་ལས་ ག་ར་གིས་ དྲནམ་བཏོན་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *