རྒྱ་གར་གྱི་མི་ཁུངས་ཅིག་ལུ་ དམར་བསད་ཉེས་འཛུགས་ཀྱི་ བཤེར་ཡིག་བཙུགས་ཡོདཔ།

༉ སྐྱེས་ལོ་༢༦ ལང་མི་ རྒྱ་གར་གྱི་ མི་ཁུངས་ཅིག་གིས་ སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་ཅིག་ལུ་ གྱི་གསོབ་སྟེ་ དམར་བསད་འབད་མི་ལུ་ དབྱེ་རིམ་གཉིས་པའི་ ཉེས་འཛུགས་འབད་ཡོདཔ་བཞིན་དུ་ ཁྲིམས་བཤེར་དོན་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
ཁ་ཙ་བཙུགས་མི་ བཤེར་ཡིག་དང་འཁྲིལཝ་ད་ ཕོ་སྐྱེས་དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཅན་དེ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༡༤༠ ཁ་པ་དང་༡༤༡ པ་དང་འཁྲིལ་ཏེ་ བཙོན་ཁྲིམས་དམའ་ཤོས་ལོ་༩ ལས་ལོ་༡༥ འི་བར་ན་ བཀལ་དགོ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ སྤྱི་ཟླ་༢ པའི་ཚེས་༢༦ གི་ ཕྱི་རུའི་ཆུ་ཚོད་ཕྱེད་དང་བརྒྱད་དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་བྱུང་ཡོདཔ་ད་ བྱུང་རྐྱེན་དེ་ཡང་ ཉེས་འཛུགས་ཅན་གྱིས་ ཁོ་རའི་ ཨ་རོགས་དགའ་རོགས་ཨིན་མི་ འབྲུག་པའི་བུམོ་དེ་ལུ་ བརྒྱུད་འཕྲིན་བཏང་སྟེ་ མོ་གི་ གཟུགས་སྒྱེན་མོ་སྦེ་ཡོད་མི་པར་དེ་ གློག་རིག་ཡོངས་འབྲེལ་ནང་བཙུགས་ནི་ཨིན་ཟེར་ སླབ་པའི་སྐབས་ ཉམས་རྒུདཔ་ཁོ་ར་ བུམོ་གི་ ཨ་རོགས་དགའ་རོགས་གསརཔ་འབད་ནི་དེ་གིས་ བར་ན་འཛུལཝ་ད་ བྱེལཝ་ཐོན་ཡོདཔ་ཨིན་པས།
རྒྱ་གར་གྱི་ མི་ཁུངས་ཨིན་མི་ ཚེ་འདས་བུཚ་དེ་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ཡོད་མི་ སྣུམ་འཁོར་བཅོ་ཁང་ཅིག་གི་ ཟ་ཁང་ནང་ ཐབ་ཚངཔ་གི་ ལཱ་འབད་མི་ཨིནམ་ད་ རྐྱེན་ངན་བྱུང་བའི་སྐབས་ ཉེས་འཛུགས་ཅན་གྱིས་ ཚེ་འདས་ཀྱི་བྱང་ཁོག་གཡསཔ་ལུ་ ཚོད་བསྲེ་བཏོག་མི་ གྱི་ཅུང་གིས་ གསོབ་བྱིན་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་བའི་ཤུལ་ལས་ ཉམས་རྒུདཔ་དེ་ རྒྱ་གར་གྱི་ས་གནས་ ཀུམ་མ་རི་ཀ་ཊ་སྨན་ཁང་ནང་ བསྐྱལ་ཡོད་རུང་ ཁྲག་ལེ་ཤ་འཛགས་པའི་རྐྱེན་གྱིས་ དེ་ཚེ་ནུབ་མོ་ར་ གྱོངས་སོཔ་ཨིན་པས།
འབྲུག་པའི་བུམོ་དེ་ ཟ་ཁང་དེ་གི་ ཇོ་བདག་གི་ནུམོ་ཨིནམ་ད་ ཉེས་འཛུགས་ཅན་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཞག་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *