རྒྱ་གཞུང་ལས་ གོང་འཕེལ་ལས་འགུལ་ཚུ་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡.༢༠༤ གྲོགས་རམ།

༉ ཁ་ཙ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བཱོཇ་གིས་ འབྲུག་ལུ་ གོང་འཕེལ་ལས་སྣ་ཁག་གི་དོན་ལུ་ རྒྱ་གཞུང་ལས་ དངུལ་ཀྲམ་ཐེར་འབུམ་༡.༢༠༤ འབད་མི་ དངུལ་འཛིན་ཅིག་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ལུ་ རྩིས་སྤྲོད་འབད་ནུག།

རྒྱ་གར་གཞུང་ཚབ་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ མ་དངུལ་གྲོགས་རམ་དེ་ ལས་འགུལ་ཚུ་ཡང་ གསོ་བ་དང་ ཤེས་རིག་ ལམ་སྲོལ་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་གོང་འཕེལ་ དེ་ལས་ སྒོ་ནོར་གོང་འཕེལ་དང་ མཐུན་རྐྱེན་ལ་སོགས་པའི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ད་ གྲོགས་རམ་དེ་ཡང་ རྒྱ་གཞུང་གིས་ ལོ་ལྔའི་འཆར་གཞི་༡༢ པའི་ ལས་འགུལ་མཉམ་འབྲེལ་དོན་ལུ་ ཁས་བླངས་འབད་མི་དང་འཁྲིལ་ཨིན་པས།

གྲོགས་རམ་མ་དངུལ་ལས་ ས་ཡ་༦༦༧.༨༨ དེ་ མཐའ་ཟུར་ལས་ཕར་ཡོད་མི་ སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གི་ ཤེས་ཡོན་དང་འབྲེལ་བའི་ སྤུས་ཚད་ཡར་དྲག་གཏང་ནི་དང་ ཤེས་ཡོན་གྱི་ མཐུན་རྐྱེན་ཚུ་ འཐོབ་ཐབས་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།

ལས་འགུལ་དེ་གིས་ སློབ་གྲྭ་ལྟེ་བ་ཚུ་ནང་ མཐུན་རྐྱེན་བགོ་བཀྲམ་འམད་ནིའི་དོན་ལུ་ དཔལ་འབྱོར་དང་འབྲེལ་བའི་ མཐུན་རྐྱེན་སྣ་ཚོགས་ མཁོ་སྤྲོད་འབད་ནིའི་ནང་ ལག་ལེན་འཐབ་ནི་ཨིནམ་ད་ དེ་ཡང་ རྫོང་ཁག་དང་ཁྲོམ་སྡེ་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

གྲོགས་རམ་མ་དངུལ་གྱི་འོག་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གསོ་བའི་མཐུན་རྐྱེན་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༤༩.༤༩ འཛིན་གྲོལ་འབད་ནི་ཨིནམ་ད་ མ་དངུལ་དེ་ཡང་ ཞབས་ཏོག་ཡར་དྲག་གཏང་ཐབས་དང་ ཕྱི་ཁར་སྨན་བཅོས་དོན་ལུ་གཏང་མིའི་ ཟད་འགྲོ་མར་ཕབ་འབད་ནི་ དེ་ལས་ ནད་གཞི་བདའ་ཟུན་ནིའི་ ཐབས་ལམ་ མགྱོགས་དྲགས་བཟོ་ཐབས་དང་ སྨན་བཅོས་ཚུ་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།

ནང་བཟོ་དང་ གྲྭ་ཆུང་བ་ཡར་དྲག་གཏང་ཐབས་ལུ་ ལྕང་ཟམ་ཏོག་ལུ་ དམིགས་བསལ་གྱི་ ཞབས་ཏོག་ལྟེ་བ་དང་ ཚོང་ཁྲོམ་ཅིག་ཡང་ བཟོ་སྟེ་ཡོདཔ་ད་ སྒོ་ནོར་ཚོང་འབྲེལ་དོན་ལུ་ཡང་ ནོར་རིགས་དང་ སྒོ་ནོར་ཐོན་སྐྱེད་ཡར་དྲག་གཏང་ནིའི་ འཕྲུལ་རིག་གསརཔ་ཚུ་ འགོ་བཙུགས་ནི་ཨིན་པས།

དེ་ལས་ བསམ་རྩེ་དང་ བཀྲིས་ཆོས་གླིང་གི་ གཞུང་ལམ་བར་ན་ ཟམ་རྒྱ་སྐྱེད་འབད་ནི་དང་ རྒྱ་མཚོ་གླིང་ཟམ་ལེགས་བཅོས་འབད་ནིའི་དོན་ལུ་ཡང་ གྲོགས་རམ་དེ་གི་ཐོག་ལས་ མ་དངུལ་འཐོབ་ནི་ཨིན་པས།

དེ་མ་ཚད་ ཀྲོང་གསར་ལུ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་དང་ སྤུ་ན་ཁ་ རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་དང་ བསམ་རྩེ་ཤེས་རིག་སྤེལ་ཁང་གི་དོན་ལུ་ཡང་ ལག་ལེན་འཐབ་ནི་ཨིན་པས།

གླིང་བཞི་རྫོང་དང་ གསན་ཆེན་ལྷ་ཁང་ཉམས་གསོའི་དོན་ལུ་ཡང་ མ་དངུལ་བཞག་ནི་ཨིནམ་ད་ ལཱ་དེ་ནང་ གཙང་སྦྲ་དང་འཐུང་ཆུ་ དེ་ལས་ གློག་མེ་བཀྲམ་སྤེལ་གྱི་ མཐུན་རྐྱེན་དང་ སྡོད་གནས་ཁང་ ལེགས་བཅོས་ཀྱི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།

འཆར་གཞི་༡༢ པའི་དོན་ལུ་ རྒྱ་གཞུང་གིས་ མཉམ་འབྲེལ་ལས་འགུལ་ཚུ་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢༨ དང་ མི་སྡེ་གོང་འཕེལ་ལས་འགུལ་ལུ་ དངུལ་ཀྲམ་ཐེར་འབུམ་༨.༥ དང་ ལས་རིམ་གྲོགས་རམ་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༨.༥ བརྩིས་ཏེ་ དངུལ་ཀྲམ་ཐེར་འབུམ་༤༥ གྲོགས་རམ་འབད་ནིའི་ ཁས་ལེན་འབད་ཡོདཔ་ཨིན་པས།

འཆར་གཞི་༡༢ པ་ འགོ་བཙུགས་པའི་ དུས་ཚོད་ལས་འགོ་བཙུགས་ རྒྱ་གཞུང་གིས་ ད་ཚུན་ དངུལ་ཀྲམ་ཐེར་འབུམ་༢༢.༠༥ བྱིན་ཡོད་མི་དེ་ ཁས་བླངས་མ་དངུལ་ལས་ བརྒྱ་ཆ་༤༩ གི་རྩིས་ཨིནམ་ད་ ནད་ཡམས་ཀོ་བིཌ་-༡༩ འི་ གནོད་ཉེན་བྱུང་མི་ལས་ ཡར་འཐོན་འབད་ཐབས་ལུ་ སྤྱི་ལོ་༢༠༢༠ ཟླ་༣ པ་ལས་འགོ་བཙུགས་ རྒྱ་གཞུང་གིས་ ཁས་བླངས་འབད་མི་ གོང་འཕེལ་མ་དངུལ་ཡོངས་བསྡོམས་ལས་ དངུལ་ཀྲམ་ཐེར་འབུམ་༥.༠༡ ཧ་སུ་སྦེ་ འཛིན་གྲོལ་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *