རྒེད་འོག་ལྟེ་བའི་འཁོར་ལམ་ ས་གནས་གཞུང་ལུ་ ལོག་རྩིས་སྤྲོད་འབད་ནི།

༉ ད་རེས་ནངས་པར་ ཞབས་ཏོག་ལྷན་ཁག་ ལམ་སེལ་ལས་ཁུངས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལ་ཏེ་ རྒེད་འོག་ལྟེ་བའི་འཁོར་ལམ་ཚུ་ ས་གནས་གཞུང་ལུ་ རྩིས་སྤྲོད་འབད་ནི་གི་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།
ལྷན་ཁག་གིས་ རྒེད་འོག་ལྟེ་བའི་འཁོར་ལམ་༢༠༥ ག་ར་ རྫོང་ཁག་བདག་སྐྱོང་བརྒྱུད་དེ་ རྒེད་འོག་ལུ་ རྩིས་སྤྲོད་འབད་ནིའི་ འཆར་གཞི་ཡོདཔ་ད་ འཁོར་ལམ་རྩིས་སྤྲོད་ཀྱི་ གཞི་བཀོད་ཚུ་ ཉིན་གྲངས་དག་པ་ཅིག་གི་ ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༤ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ རྒེད་འོག་ལྟེ་བའི་འཁོར་ལམ་ཚུ་ དབང་ཚད་ཕྱིར་སྤེལ་གྱི་ བཀའ་རྒྱའི་ཡི་གུ་དང་འཁྲིལཝ་ད་ ལྟེ་བའི་ལམ་ཚུ་ བཟོ་སྐྲུན་དང་ རྒྱུན་སྐྱོང་ དེ་ལས་ ལག་ལེན་འཐབ་ནི་ཚུ་ ས་གནས་གཞུང་གིས་ འབད་དགོཔ་སྦེ་ གཞུང་གིས་ ཐག་བཅད་དེ་ཡོད་ཟེར་ཨིན་པས།
ཨིན་རུང་ ས་གནས་གཞུང་གིས་ ལམ་སེལ་ལས་ཁུངས་ལས་ ཐབས་རིག་གི་ རྒྱབ་སྐྱོར་ཚུ་ ལེན་དགོཔ་མ་ཚད་ ལས་ཁུངས་དང་གཅིག་ཁར་ ལེགས་ཤོམ་སྦེ་ གྲོས་བསྟུན་འབད་དེ་ ལཱ་ཚུ་གཞན་ལུ་ བྱིན་དགོཔ་བཞིན་དུ་ གནད་དོན་དེའི་ཐད་ལུ་ ཞབས་ཏོག་ལྷན་ཁག་གིས་ དགོས་མཁོ་ཅན་གྱི་ རྒྱབ་སྐྱོར་ཚུ་ བྱིན་དགོ་ཟེར་ བཀལ་རྒྱའི་ཡི་གུ་ནང་བཀོད་ནུག།
འདས་པའི་གཞུང་གིས་ རྒེད་འོག་ལྟེ་བའི་ འཁོར་ལམ་ཚུ་ རྫོང་ཁག་བདག་སྐྱོང་ལས་ ལམ་སེལ་ལས་ཁུངས་ཀྱིས་ རྩིས་ལེན་དགོཔ་སྦེ་སླབ་སྟེ་ ལོ་༦ ལང་བའི་ཤུལ་ལུ་ ཐག་བཅད་ཡོདཔ་ཨིན་པས།
ཆུ་ཁ་དེ་ སྤྱི་ལོ་༢༠༡༤ ལུ་ རྒེད་འོག་ལྟེ་བའི་ འཁོར་ལམ་ཚུ་ ལམ་སེལ་ལས་ཁུངས་ལུ་ རྩིས་སྤྲོད་འབད་མི་ རྫོང་ཁག་དང་པ་ཨིནམ་བཞིན་དུ་ འཁོར་ལམ་ག་ར་ རྩི་ནག་བཏང་སྟེ་ཡོདཔ་ཨིན་པས།
ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ འཁོར་ལམ་ག་ར་ རྫོང་ཁག་བརྒྱུད་དེ་ རྒེད་འོག་བདག་སྐྱོང་ལུ་ རྩིས་སྤྲོད་འབད་ནི་སྦེ་ ཐག་བཅད་མི་དེ་ཡང་ འཆར་གཞི་༡༢ པའི་ སྤྱིར་བཏང་སྲིད་བྱུས་དང་ དབང་ཚད་ཕྱིར་སྤེལ་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཐག་བཅད་མི་དེ་ཡང་ འཆར་གཞི་༡༢ པའི་ནང་ གསར་སྒྲུབ་འཆར་དངུལ་ ཐེར་འབུམ་༡༠༠ བགོ་བཀྲམ་འབད་མི་ལས་ བརྒྱ་ཆ་༥༠ ས་གནས་གཞུང་ལུ་ གཞི་བཀོད་འབད་མི་ལུ་བརྟེན་ འཁོར་ལམ་ཚུ་ འབྲེལ་ཡོད་རྫོང་ཁག་ཚུ་ནང་ ཕྱིར་སྤེལ་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཞབས་ཏོག་བློན་པོ་གིས་ བཤད་མིའི་ནང་ གསར་སྒྲུབ་མ་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༥༠ ས་གནས་གཞུང་དང་ བརྒྱ་ཆ་༥༠ གཞུང་ལྟེ་བ་ལུ་ བཞག་སྟེ་ཡོད་ཟེར་ཨིནམ་ད་ འཁོར་ལམ་རྒྱུན་སྐྱོང་དང་ རྩི་ནག་གཏང་ནི་ཚུ་ སྤྱིར་བཏང་གཞི་བཀོད་མཐུན་རྐྱེན་གྱི་ ཆར་དངུལ་འོག་ལུ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བལྟ་དགོ་ཟེར་ཨིན་པས།
མ་གཞི་ ལྷན་ཁག་གིས་ འཁོར་ལམ་༢༠༥ ག་ར་ རྩིས་སྤྲོད་འབད་ནི་གི་ འཆར་གཞི་ཡོད་རུང་ དུས་ཚོད་འགོར་འོང་ཟེར་ཨིནམ་ད་ འཁོར་ལམ་༨ དེ་ཅིག་ འཆར་གཞི་ལྷག་ལུས་ཀྱི་ ལས་སྣ་ཚུ་ཨིན་པའི་ཁར་ ལ་ལོ་ཅིག་ བཟོ་སྐྲུན་འབད་བའི་བསྒང་ད་ ལ་ལོ་བཟོ་སྐྲུན་ཆ་མེད་བཏང་ནུག་ཟེར་ ཞབས་ཏོག་བློན་པོ་གིས་ བཤད་པའི་ཁར་ དང་པ་ར་ གནད་དོན་ཚུ་ སེལ་ཞིནམ་ལས་རྐྱངམ་གཅིག་ རྩིས་སྤྲོད་འབད་འོང་ཟེར་ བཤདཔ་ཨིན་པས།
ཀུན་གསལ་གྱིས་ རྒཔོ་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་ མང་ཤོས་ཅིག་གིས་ འཁོར་ལམ་ཚུ་ ལམ་སེལ་ལས་ཁུངས་དང་གཅིག་ཁར་ བཞག་པ་ཅིན་ དྲག་འོང་ཟེར་ བསམ་འཆར་བཀོདཔ་མ་ཚད་ རྒཔོ་མང་ཤོས་ཅིག་གིས་ འཁོར་ལམ་ཚུ་ རྫོང་ཁག་ལུ་ རྩིས་སྤྲོད་འབད་ནིའི་སྐོར་ལས་ ཤེས་རྟོགས་མེདཔ་ཨིན་པས།
རྒཔོ་ཚུ་གིས་འབད་བ་ཅིན་ གལ་སྲིད་ འཁོར་ལམ་ཚུ་ རྒེད་འོག་བདག་སྐྱོང་གིས་ འཛིན་སྐྱོང་འཐབ་པ་ཅིན་ རྒེད་འོག་གོང་འཕེལ་ལས་སྣ་ཚུ་ འགོ་འདྲེན་འཐབ་ནི་ལུ་ ཐོ་ཕོག་འོང་ཟེར་ཨིནམ་ད་ འདས་པའི་གཞུང་གིས་ འཁོར་ལམ་ཚུ་ ལམ་སེལ་ལས་ཁུངས་ལུ་ བྱིན་པའི་ཤུལ་ལས་ ད་རུང་ གཞུང་གསརཔ་གིས་ རྫོང་ཁག་ལུ་བྱིནམ་ད་ ག་དེ་སྦེ་ ལེགས་ཤོམ་འོང་ག་ བལྟ་དགོཔ་འདུག་ཟེར་ བཤདཔ་ཨིན་པས།
འཁོར་ལམ་ཚུ་ཡང་ འདས་པའི་གཞུང་ལུ་ ལམ་སེལ་ལས་ཁུངས་ཀྱི་འོག་ལུ་ བཞག་དགོ་པའི་ ཞུ་བ་འབད་མི་དང་འཁྲིལ་ ངོས་ལེན་འབད་དེ་ བཞག་ཅི་ཟེར་ཨིནམ་ད་ ད་རེས་ གཞུང་གིས་ འཁོར་ལམ་ཚུ་ རྫོང་ཁག་ལུ་ རྩིས་སྤྲོད་འབད་ནི་ཟེར་ སླབ་པའི་སྐབས་ རྣམ་རྟོག་ལང་དགོ་པའི་ གནད་ཅིག་ཨིན་མས་ཟེར་ རྒཔོ་ཚུ་གིས་ བཤདཔ་ཨིན་པས།
རྒེད་འོག་བདག་སྐྱོང་གིས་ ལམ་སེལ་ལས་ཁུངས་ཀྱི་ མི་ཚུ་སྡོད་ནིའི་ ཁྱིམ་རྐྱབ་ནིའི་ ས་ཁྲ་ཚུ་ ལྷོད་དེ་ཡོདཔ་ལས་ འཆར་གཞི་དང་ ལས་སྣ་ཚུ་ འཕྲོ་བརླག་འགྱོ་ནི་མས་ཟེར་ཨིནམ་ད་ རྒཔོ༌ཚུ་གིས་ བཤད་མིའི་ནང་ རྒེད་འོག་གིས་ འཁོར་ལམ་ཚུ་ འཛིན་སྐྱོང་འབད་བ་ཅིན་ རྒྱུན་སྐྱོང་འཐབ་ནི་ལུ་ ལཱ་ཁག་གཏང་ནི་ཨིནམ་ལས་ འཕྲུལ་ཆས་དང་ ལས་མི་ཚུ་ གྲ་སྒྲིག་ཡོད་མི་ ལམ་སེལ་ལས་ཁུངས་དང་ ཧེ་མ་བཟུམ་སྦེ་ར་ བཞག་པ་ཅིན་ དྲག་འོང་ཟེར་ཨིན་པས།
འཆར་གཞི་༡༢ པའི་ནང་ འཁོར་ལམ་སེལ་ནི་གི་ འཆར་དངུལ་ཚུ་ བགོ་བཀྲམ་མ་འབད་བའི་ཁར་ རྒེད་འོག་བདག་སྐྱོང་གིས་ ལམ་སེལ་གྱི་ ལཱ་འབད་བ་ཅིན་ རྒེད་འོག་གི་ འཆར་དངུལ་ག་ར་ རྒྱུན་སྐྱོང་ནང་ ཟད་འགྲོ་གཏང་དགོཔ་མ་ཚད་ འཆར་དངུལ་གྱི་ ཚད་གཞི་ལས་ཡང་ བརྒལ་ནི་ཨིན་པའི་ ཚ་གྱང་ཡོད་ཟེར་ རྒཔོ་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *