ཧོ་ཀ་ཐོན་མི་ཚུ་ནང་ ཆུ་འཁྱིལ་ཡོད་པའི་ ལའུ་རི་རྒེད་འོག་འཁོར་ལམ།

རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་མ་ཚུགས་མི་གིས་ རྒྱུན་འགྲུལ་ལུ་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ ལའུ་རི་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ ད་ལྟོའི་བར་ན་ཡང་ རྩི་ནག་གཏང་མ་ཚུགས་པར་ ལུས་ཡོདཔ་ལས་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་ནི་དེ་གིས་ རྒྱུན་འགྲུལ་འཐབ་ནི་ལུ་ གདོང་ལེན་བྱུང་མི་ལུ་བརྟེན་ ས་གནས་ཀྱི་མི་སེར་ཚུ་ སེམས་དང་མ་ལྡན་པར་འདུག།
ད་རེས་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ ཇོ་མོ་གཙང་ཁ་དྲུང་ཁག་ལས་ གསེར་ཐིག་རྒེད་འོག་ལྟེ་བ་ཚུན་ རྩི་ནག་བཏང་ཡོད་རུང་ དེ་ཁར་ལས་ ཀི་ལོ་མི་ཊར་༣༦ དེ་ཅིག་ རྩི་ནག་གཏང་མ་ཚུགས་པར་ལུས་ནུག།
ལའུ་རི་ལས་ བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ལྟེ་བ་ལུ་ འཁོར་ལམ་མཐུད་སྦྲེལ་འབད་དེ་ ལོ་༣ ལྷགཔ་ཅིག་ ལང་ཡོདཔ་བཞིན་དུ་ འཁོར་ལམ་གྱི་གཞི་རྟེན་ཡང་ སྒྲིང་སྒྲི་ཐལ་ཡོད་རུང་ ད་ལྟོའི་བར་ན་ཡང་ རྩི་ནག་གཏང་མ་ཚུགས་པར་ ལུས་མི་དེ་ ཧ་མ་གོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་གི་མི་ཚུ་ ཉོ་ཚོང་རྐྱབ་པར་ ཇོ་མོ་གཙང་ཁ་དང་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་གྱི་ཁྲོམ་ ཏི་ན་ལི་ཚུ་ནང་ འགྱོ་དོ་ཡོདཔ་བཞིན་དུ་ འཁོར་ལམ་གྱི་ གནས་སྟངས་ལུ་ལྟ་སྟེ་ སྣུམ་འཁོར་ཡོད་མི་ཚུ་གིས་ འགྱོ་མ་བཏུབ་པའི་ དཀའ་ངལ་ཡོད་པའི་ཁར་ འཕྲལ་འཕྲལ་འགྱོ་རུང་ གླ་ཐེབས་སྤྲོད་དགོ་པས་ཟེར་ཨིན་པས།
སོ་ནམ་པ་ཚེ་རིང་གིས་ སླབ་མིའི་ནང་ ད་རེས་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ ལམ་སེལ་ལས་ཁུངས་ཀྱིས་ རྫོང་ཁག་ལ་སོགས་པ་ཚུ་ལུ་ རྩིས་སྤྲོད་འབད་ནིའི་ ལོ་རྒྱུས་ལ་སོགས་པ་ཚུ་ གོ་མི་ལུ་བརྟེན་ འཁོར་ལམ་དེ་ ག་དེ་སྦེ་ རྩི་ནག་གཏང་ཚུགས་ག་ ཚ་གྱང་ཕོག་སྟེ་ ཡོད་ཟེར་ཨིན་པས།
ཁོ་གིས་ འཁོར་ལམ་གྱི་ རྩི་ནག་དེ་ རྒེད་འོག་དང་ རྫོང་ཁག་བདག་སྐྱོང་༢ ལས་ ག་གིས་གཏང་ནི་ཨིན་ན་ མི་ཤེས་པས་ཟེར་ཨིནམ་ད་ རྩི་ནག་གཏང་ནིའི་ འཆར་གཞི་ཡོད་མེད་དང་ ག་དེམ་ཅིག་སྦེ་ འཆར་གཞི་ཡོད་པ་ཅིན་ ནམ་དེ་ཅིག་ཁར་ གཏང་ནི་ཨིན་ན་ དྲི་བཀོད་འབདཝ་ཨིན་པས།
གཡུས་མི་གཞན་ཚུ་གིས་ སླབ་མིའི་ནང་ རྒེད་འོག་གི་ མི་ཚུ་གི་དོན་ལུ་ གསོ་བའི་ཞབས་ཏོག་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ད་ ད་ལྟོ་ཚུན་ ཤི་རྐྱེན་བྱུང་ཡོད་པའི་ ཐོ་བཀོད་མེད་རུང་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ ཇོ་མོ་གཙང་ཁ་སྨན་ཁང་ནང་ སྐྱེལ་བའི་སྐབས་ འཁོར་ལམ་གྱི་གནས་སྟངས་ལུ་བརྟེན་ ཨ་ལོ་ཤོར་ནི་དང་ ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་ཚུ་ཡང་ འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ འདམ་ཚུ་ལུ་བརྟེན་ འཁོར་ལམ་གྱི་གནས་སྟངས་དེ་ སྐྱོ་དྲགས་ཐལ་དོ་ཡོདཔ་ལས་ འགྲོ་འགྲུལ་འབད་བའི་སྐབས་ འགྱེལ་ཏ་རྐྱབ་སྟེ་ གདོང་ལེན་བྱུང་དོ་ཡོདཔ་ལས་ གང་མགྱོགས་རྩི་ནག་གཏང་ཚུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
རྒེད་འོག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མི་རྩིས་དང་ ས་ཁྲམ་ལ་སོགས་པའི་ ཞབས་ཏོག་ཚུ་གི་དོན་ལུ་ དྲུང་ཁག་ནང་ འགྱོ་དགོཔ་འཐོན་དོ་ཡོདཔ་བཞིན་དུ་ འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་མེདཔ་ལས་ དུས་ཡུན་ཆུ་ཚོད་༤ ལྷགཔ་ཅིག་ འགྲོ་འགྲུལ་འབད་དགོ་པའི་ཁར་ འཕྲལ་འཕྲལ་འཁོར་ལམ་དེ་ཁར་ལས་ འགྲོ་འགྲུལ་འབད་མི་ཚུགས་དོ་ཡོདཔ་ལས་ གཞུང་འབྲེལ་གྱི་ ལཱ་ཚུ་ལུ་ཡང་ གནོདཔ་མས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་རབ་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ ལམ་སེལ་ལས་ཁུངས་ལས་ རྫོང་ཁག་བདག་སྐྱོང་གིས་ རྩིས་ལེན་ཡོདཔ་བཞིན་དུ་ རྫོང་ཁག་བཟོ་རིག་སྡེ་ཚན་གྱིས་ འཁོར་ལམ་ཞིབ་དཔྱད་དང་ ལས་ཁུངས་ཀྱིས་ སྔོན་རྩིས་བཏོན་ཡོད་མི་ཚུ་ བསྐྱར་ཞིབ་འབད་ཚར་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཆར་གཞི་༡༢ པའི་ནང་ ལའུ་རི་རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་ནི་དང་ གཡུར་བ་ལ་སོགས་པ་ཚུ་ རྐྱབ་ནིའི་དོན་ལུ་ མ་དངུལ་དངུལ་ཀྲམ་ས་ཡ་༡༠༥.༢༧ དེ་ཅིག་ཡོདཔ་བཞིན་དུ་ རྩིས་ལོ་༢༠༡༩-༢༠ ནང་ དངུལ་ཀྲམ་ས་ཡ་༢༠ དེ་ཅིག་ ཆ་འཇོག་འབད་དེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༢༠ གིས་ འཁོར་ལམ་ཀི་ལོ་མི་ཊར་༡༢ དེ་ཅིག་ རྩི་ནག་གཏང་ཚར་ནི་ ཨིནམ་བཞིན་དུ་ ལཱ་གི་གྲུབ་འབྲས་ཚུ་ སྤུས་ཚད་ཅན་སྦེ་ འཐོན་ཐབས་ལུ་ དབྱེ་ཁག་༣ གྱི་ཐོག་ལས་ རིན་བསྡུར་འབད་དེ་ ད་རེས་ཀྱི་ ཟླཝ་ནང་ར་ ལཱ་ཚུ་སྤྲོད་ནི་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ལའུ་རི།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *