ནབ་སྦྱིས་སྐོར་ཕུག་གི་ རྒེད་འོག་ལྟེ་བའི་འཁོར་ལམ།

རྒེད་འོག་ལྟེ་བའི་འཁོར་ལམ་ ས་གནས་གཞུང་ལུ་ ལོག་རྩིས་སྤྲོད་འབད་ནི་ འགོ་བཙུགས་ཡོདཔ།

༉ ས་གནས་གཞུང་གི་འགོ་དཔོན་ཚུ་གིས་ རྫོང་ཁག་ཚོགས་འདུ་ནང་ རྒེད་འོག་ལྟེ་བའི་འཁོར་ལམ་ཚུ་ ས་གནས་གཞུང་ལུ་ ལོག་རྩིས་སྤྲོད་འབད་བ་ཅིན་ རྒྱུན་སྐྱོང་འཐབ་ནིའི་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོད་རུང་ ཞབས་ཏོག་ལྷན་ཁག་གིས་ འཁོར་ལམ་རྩིས་སྤྲོད་ཀྱི་ གཞི་བཀོད་ཚུ་ བཟོ་ཚར་ཞིནམ་ལས་ རྩིས་སྤྲོད་འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་བཏོན་མི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ བཀའ་རྒྱ་དང་འཁྲིལ་བ་ཅིན་ རྒེད་འོག་ལྟེ་བའི་ལམ་ཚུ་ བཟོ་སྐྲུན་དང་ རྒྱུན་སྐྱོང་ དེ་ལས་ ལག་ལེན་འཐབ་ནི་ཚུ་ ས་གནས་གཞུང་གིས་འབད་དགོཔ་སྦེ་ གཞུང་གིས་ ཐག་བཅད་ཡི་ཟེར་ཨིན་པས།
རྒཔོ་ཚུ་གིས་ བཤད་མིའི་ནང་ གནད་དོན་དེའི་ཐོག་ལུ་ གཞུང་གིས་ གྲོས་བསྟུན་ག་ནི་ཡང་མེད་པར་ བཀའ་རྒྱ་རྐྱངམ་གཅིག་ གནང་ཡོདཔ་ལས་ རྒེད་འོག་ཚུ་ནང་ ལམ་སེལ་གྱི་ བཟོ་རིག་འགོ་དཔོན་མེདཔ་ལས་ སྤུས་ཚད་ལྡན་པའི་འཁོར་ལམ་ཚུ་ རྒྱུན་སྐྱོང་ག་དེ་སྦེ་ འཐབ་ཚུགས་ག་ཟེར་བའི་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་སོ་ཡི་ཟེར་ཨིན་པས།
དེ་མ་ཚད་ འཁོར་ལམ་ལ་ལོ་ཅིག་ རྒྱུན་སྐྱོང་སྦོམ་སྦེ་ར་འབད་དགོཔ་ལས་ རྒེད་འོག་གིས་འབད་ནི་ལུ་ ལཱ་ཁག་གཏང་ནི་མས་ཟེར་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས།
ཨིན་རུང་ ལམ་སེལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ངོ་ཚབ་ ཀརྨ་དབང་འདུས་ཀྱིས་ སླབ་མིའི་ནང་ འཁོར་ལམ་ཚུ་ རྫོང་ཁག་ལུ་ བྱིན་མི་དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀའ་རྒྱ་དང་ འབྲུག་གི་ལམ་གྱི་བཅའ་ཁྲིམས་འཁྲིལ་ཏེ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལུ་ ངོས་ལེན་འབད་དགོཔ་ལས་ གདམ་ཁ་གཞན་མེད་ཟེར་ཨིནམ་ད་ ད་ལས་ཕར་ འཁོར་ལམ་ཚུ་ རྫོང་ཁག་གིས་ རྒྱུན་སྐྱོང་འཐབ་དགོ་ཟེར་ཨིན་པས།
འདས་པའི་ཟླ་ཕྱེད་ལས་ མོང་སྒར་གླིང་མི་ཐང་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ ཡིག་ཚང་ཚུ་གིས་ རྒེད་འོག་ལྟེ་བའི་ འཁོར་ལམ་ཚུ་ རྫོང་ཁག་ལུ་ ལོག་རྩིས་སྤྲོད་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ ལུང་ཕྱོགས་ཡིག་ཚང་ གསར་སྤང་དང་ རྩི་རང་རྐྱངམ་གཅིག་ ལུས་ཏེ་ཡོད་ཟེར་ ཀརྨ་དབང་འདུས་ཀྱིས་ བཤད་ཅི།
འདས་པའི་དྲི་བ་དྲིས་ལན་སྐབས་ ལམ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསྟན་འཛིན་གྱིས་ སླབ་མིའི་ནང་ ལམ་གྱི་བཅའ་ཁྲིམས་ཀྱི་ ལམ་གྱི་དབྱེ་ཁག་ཚུ་ནང་ རྒྱལ་གཞུང་ལམ་དང་ གཞུང་ལམ་༢ པ་དང་ གཙོ་ཅན་ དེ་ལས་ རྫོང་ཁག་འཁོར་ལམ་ཟེར་ཡོདཔ་མ་གཏོགས་ རྒེད་འོག་ལྟེ་བའི་འཁོར་ལམ་ བཀོད་དེ་མེད་པའི་ཁར་ ཧེ་མ་ལས་འཁོར་ལམ་ག་ར་ རྫོང་ཁག་གི་འོག་ལུ་ བཞག་དགོཔ་སྦེ་ ཡོད་མི་ལུ་བརྟེན་ ད་རེས་ ས་གནས་གཞུང་ལུ་ ལོག་རྩིས་སྤྲོད་འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཁོར་ལམ་ཚུ་ག་ར་ རྫོང་ཁག་འོག་ལུ་ཡོད་རུང་ འཆར་གཞི་༡༡ པའི་ནང་ རྒེད་འོག་གི་ འཁོར་ལམ་ག་ར་ རྩི་ནག་གཏང་ནི་སྦེ་ཡོད་མི་ལུ་བརྟེན་ གཞུང་ལུ་བྱིན་ཡོདཔ་བཞིན་དུ་ འཁོར་ལམ་གྱི་མིང་ཡང་ རྒེད་འོག་ལྟེ་བའི་ འཁོར་ལམ་སྦེ་ དར་ཁྱབ་སོང་ཡི་ཟེར་ཨིན་པས།
ད་ལྟོ་ ཆུ་ཁ་ གདུང་ན་རྒེད་འོག་ལྟེ་བའི་འཁོར་ལམ་དང་ ཕུན་ཚོགས་གླིང་ གཞལམ་སྒང་ ཤིང་མཁར་ ལྷུན་རྩེ་ སྨད་ཚོ་ ཀྲོང་གསར་ ནབ་སྦྱིས་སྐོར་ཕུག་ དེ་ལས་ མོང་སྒར་ རྩ་ཀ་གླིང་བརྩིས་ཏེ་ རྒེད་འོག་ལྟེ་བའི་འཁོར་ལམ་༦ བཟོ་སྐྲུན་འབད་བའི་བསྒང་ད་ ལ་ལོ་བཟོ་སྐྲུན་ཆ་མེད་ལུ་བརྟེན་ འཁོར་ལམ་བསལ་མ་ཚར་ཚུན་ ལམ་སེལ་ལས་ཁུངས་ཀྱི་འོག་ལུ་ར་ བཞག་འོང་ཟེར་ ཀརྨ་དབང་འདུས་ཀྱིས་ བཤད་ཅི།
ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ མ་གཞི་ འཁོར་ལམ་ཚུ་ རྒྱུན་སྐྱོང་འཐབ་ནི་ལུ་ འཆར་དངུལ་ཀྱི་ གྲོས་འཆར་བཙུགས་ཡོད་རུང་ འཁོར་ལམ་ག་ར་ རྫོང་ཁག་ལུ་བྱིན་ནི་སྦེ་ སླབ་མི་ལུ་བརྟེན་ འཆར་དངུལ་མ་ཐོབ་ཟེར་ཨིན་པས།
རྒེད་འོག་ལྟེ་བའི་ འཁོར་ལམ་གཞན་ཚུ་ གནམ་བྱཱར་གྱི་ ཆརཔ་དེ་གིས་ མེདཔ་བཏང་མི་ཚུ་ ཉམས་བཅོས་འབད་ནི་གི་ སྤྱིར་བཏང་འཁོར་ལམ་གྱི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༨༧ ལུ་ ཞབས་ཏོག་ལྷན་ཁག་ལུ་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ལྷན་ཁག་གིས་ ཉམས་བཅོས་ཀྱི་ ལཱ་འབད་འོང་ཟེར་ཨིན་ནི་ཨིན་རུང་ སང་ཕོད་ལས་ རྫོང་ཁག་ཚུ་གིས་ འབད་དགོཔ་འོང་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ འཁོར་ལམ་ཚུ་ རྒྱུན་སྐྱོང་འབད་ནི་ལུ་ འཆར་དངུལ་མེད་པའི་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
ཀརྨ་དབང་འདུས་ཀྱིས་ སླབ་མིའི་ནང་ རྫོང་ཁག་དང་ རྒེད་འོག་ལྟེ་བའི་འཁོར་ལམ་ གཏན་འཇགས་སྦེ་ རྒྱུན་སྐྱོང་འཐབ་ནི་ལུ་ ལོ་བསྟར་འཁོར་ལམ་ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༤༤,༠༠༠ སྦེ་ འདས་པའི་རྩིས་ལོ་ནང་ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།
ད་རེས་ མི་ཚུ་གིས་ རྒྱུན་སྐྱོང་མ་དངུལ་བགོ་བཀྲམ་འབད་དེ་མེད་ཟེར་ཨིནམ་ད་ དངུལ་རྩིས་ལྷན་ཁག་གིས་ ལོ་བསྟར་ འཁོར་ལམ་ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༤༤,༠༠༠ སྦེ་ ས་གནས་གཞུང་ལུ་ བགོ་བཀྲམ་འབད་དགོ་ཟེར་ཨིན་པས།
འདས་པའི་དྲི་བ་དྲིས་ལན་སྐབས་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ བཤད་མིའི་ནང་ གསར་སྒྲུབ་མ་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༥༠ ས་གནས་གཞུང་དང་ བརྒྱ་ཆ་༥༠ གཞུང་ལྟེ་བ་ལུ་ བཞག་སྟེ་ཡོད་ཟེར་ཨིནམ་ད་ འཁོར་ལམ་རྒྱུན་སྐྱོང་དང་ རྩི་ནག་གཏང་ནི་ཚུ་ སྤྱིར་བཏང་གཞི་བཀོད་མཐུན་རྐྱེན་གྱི་ འཆར་དངུལ་འོག་ལུ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བལྟ་དགོ་ཟེར་ཨིན་པས།
རྒེད་འོག་༢༠༥ གྲས་ལས་ རྒེད་འོག་༣ ནང་ རྒེད་འོག་ལྟེ་བའི་འཁོར་ལམ་ བསལ་ཏེ་མེདཔ་ད་ རྒེད་འོག་ལྟེ་བའི་འཁོར་ལམ་༢༣ དེ་ཅིག་ འཆར་གཞི་༡༢ པའི་ནང་ རྩི་ནག་གཏང་ནི་ ལས་འཆར་ཡོདཔ་བཞིན་དུ་ ལྷག་ལུས་འཁོར་ལམ་ཚུ་ སེལ་བའི་བསྒང་ཡོད་པའི་ཁར་ ལ་ལོ་ཅིག་ རྩི་ནག་བཏང་ཚར་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *