ནུབ་སྦིས་སྟངས་སི་སྦྱིས་འཐུས་མི་ དངོས་གྲུབ་བཟང་པོ།

རྒེད་འོག་ཚུ་ནང་ ཞིང་རྨོ་འཕྲུལ་ རྒྱུན་སྐྱོང་འཐབ་ནིའི་ སྦྱོང་བརྡར་བྱིན་མི་རེ་ བགོ་བཀྲམ།

༉ སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ རྒྱལ་ཁབ་ཀྱི་ རྒེད་འོག་༢༠༥ ག་རའི་ནང་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་ཚུ་ བཅོ་ཁ་རྐྱབ་ནི་དང་ རྒྱུན་སྐྱོང་འཐབ་ནིའི་ སྦྱོང་བརྡར་བྱིན་མི་རེ་ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ འཕྲུལ་ཆས་ཚུ་ ལོ་རེ་ནང་ ཉུང་ཤོས་ཚར་༢ དེ་རེ་ བཅོ་ཁ་རྐྱབ་ནིའི་ ཞབས་ཏོག་ལམ་ལུགས་ཅིག་ བཙུགས་ཡོད་པའི་ཁར་ སོ་ནམ་རྒྱ་སྐྱེད་འགོ་དཔོན་༣༠༠ དང་ སྒོ་ནོར་འགོ་དཔོན་དག་པ་ཅིག་ དེ་ལས་ སོ་ནམ་པ་༡,༢༠༠ དེ་ཅིག་ལུ་ཡང་ འཕྲུལ་ཆས་གཏང་ནི་དང་ ཉམས་བཅོས་འབད་ནིའི་ སྦྱོང་བརྡར་ཚུ་ བྱིན་ཏེ་ཡོད་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༨ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ ནུབ་སྦིས་སྟང་སི་སྦྱིས་འཐུས་མི་ དངོས་གྲུབ་བཟང་པོ་གིས་ རྒེད་འོག་ཚུ་ནང་ བཀོལ་སྤྱོད་འབད་མ་བཏུབ་པའི་ སོ་ནམ་འཕྲུལ་ཆས་ པ་ཝར་ཊི་ལར་ཚུ་ ཉམས་བཅོས་འབད་ནིའི་དོན་ལུ་ ལམ་ལུགས་ཚུ་ ག་དེ་སྦེ་ར་ ཡོད་ག་ཟེར་ དྲི་བཀོད་འབད་བའི་སྐབས་ སོ་ནམ་དང་ ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ གསལ་ཞུ་འབད་ཡི།
བློན་པོ་གིས་ ཞུ་མིའི་ནང་ འཕྲུལ་ཆས་ཚུ་ ཉམས་བཅོས་འབད་ནི་དང་ གླར་སྤྱོད་འབད་མི་ཚུ་ རྒེད་འོག་ག་རའི་ནང་ བགོ་བཀྲམ་འབད་མ་ཚུགས་རུང་ རྒེད་འོག་༡༡༦ ལུ་ བཏང་ཡོདཔ་བཞིན་དུ་ ལྷན་ཁག་གི་ཁ་ཐུག་ལས་ བསླབ་སྟོན་ཅིག་ཡང་ བཟོ་སྟེ་ཡོད་ཟེར་ཨིན་པས།
སྤ་རོ་དང་ དབང་འདུས་ཕོ་བྲང་བ་འཇོ་ བཀྲིས་སྒང་འཁང་མ་ དགེ་ལེགས་ཕུག་ བསམ་གཏན་གླིང་དང་ བུར་ཚུ་ནང་ལས་ཕར་ སོ་ནམ་འཕྲུལ་ཆས་ལྟེ་བ་ཚུ་ ཧེ་མ་ལས་ཡོདཔ་མ་ཚད་ ཡན་ལག་ལྟེ་བ་ དར་དཀར་ནང་ ནི་ཅུ་ལ་དང་ བསམ་གྲུབ་ལྗོངས་མཁར་ བང་ཊར་ འོད་གསལ་རྩེ་ ལྷུན་རྩེ་ སྟག་མོ་ཆུ་ བུ་ལི་ ཀྲོང་གསར་ བྲག་སྟེང་ མོང་སྒར་ སྐྱིད་བདེ་ཁར་ ནོར་བུ་སྡིངས་ དཀར་ནག་བརྩིས་ཏེ་༡༠ དེ་ཅིག་ གཞི་བཙུགས་འབད་དེ་ཡོད་ཟེར་ སོ་ནམ་བློན་པོ་གིས་ ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ རྒེད་འོག་ལྟེ་བ་ཚུ་ནང་ སོ་ནམ་པ་དང་ སོ་ནམ་རྒྱ་སྐྱེད་འགོ་དཔོན་ཚུ་ཡོདཔ་ལས་ ཁོང་༢ ཀྱིས་ སྤྱི་འོག་ནང་ འཕྲུལ་ཆས་ཚུ་ སྟབས་མ་བདེཝ་རེ་ འབྱུང་པ་ཅིན་ རྒེད་འོག་ནང་ སྙན་ཞུ་ཕུལ་ཏེ་ སོ་ནམ་རྒྱ་སྐྱེད་འགོ་དཔོན་ཚུ་གིས་ ཉམས་བཅོས་འབད་དགོ་ཟེར་ བསླབ་སྟོན་ནང་ བཀོད་དེ་ཡོད་ཟེར་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ མ་གཞི་ འཕྲུལ་ཆས་ཚུ་ མེདཔ་དུམ་གྲ་རེ་ ཤོར་མི་ཚུ་ སོ་ནམ་རྒྱ་སྐྱེད་དང་ སྒོ་ནོར་འགོ་དཔོན་ཚུ་གིས་ ཉམས་བཅོས་འབད་ཚུགས་རུང་ མེདཔ་སྦོམ་སྦེ་ར་ ཐལ་སོ་པ་ཅིན་ ཡན་ལག་འཕྲུལ་ཆས་ལྟེ་བ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་དགོ་ཟེར་ཨིན་པས།
སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ཞུ་མིའི་ནང་ ཞིང་རྨོ་འཕྲུལ་ཚུ་ མེདཔ་ཐལ་བའི་སྐབས་ ཉམས་བཅོས་འབད་ནིའི་དོན་ལུ་ སོ་ནམ་འཕྲུལ་ཆས་ལས་འཛིན་ཅིག་ གཞི་བཙུགས་འབད་ཡོད་མི་དེ་གིས་ རྒེད་འོག་༢༠༥ ག་རའི་ནང་ ཁྱབ་ཚུགསཔ་ལས་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ རྒེད་འོག་ཚུ་ནང་ལས་ཕར་ པ་ཝར་ཊི་ལར་གྱི་ འཕྲུལ་ཆས་རྐྱངམ་གཅིག་མེན་པར་ ཨོམ་དཀྱོགས་ནིའི་འཕྲུལ་ཆས་དང་ ཐགམ་བརྡུང་ནི་ མར་ཁུ་བཙིར་ནི་ ས་རྐོ་འཕྲུལ་ཆས་ལ་སོགས་པ་ཡོད་མི་ཚུ་ཡང་ ལམ་ལུགས་དེ་དང་འཁྲིལ་ཏེ་ར་ འབད་དོ་ཟེར་ཞུ་ཡི།
ད་རེས་ རྒྱལ་ཁབ་ནང་ པ་ཝར་ཊི་ལར་༩༠༠ དེ་ཅིག་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ཞིང་རྨོ་འཕྲུལ་ག་ར་ བགོ་བཀྲམ་འབད་ཚར་བའི་བསྒང་ལས་ འཕྲུལ་ཆས་༡༡༤༤ འོང་ནི་ཨིནམ་བཞིན་དུ་ པ་ཝར་ཊི་ལར་གསརཔ་༤༠༠ དེ་ཅིག་ སྤ་རོ་ལུ་ ལྷོད་ཡོད་མི་ཚུ་ཡང་ སང་ཕོད་ སྤྱི་ཟླ་དང་པའི་ནང་ བགོ་བཀྲམ་འབད་ནི་ཨིན་ཟེར་ ཞུ་ཡི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ད་ལྟོའི་གཞུང་གིས་ རྒེད་འོག་ཚུ་ནང་ སོ་ནམ་ཚོང་ཁང་ གཞི་བཙུགས་འབད་དགོ་མི་དེ་ གཙོ་བོ་ར་ སྒོ་ནོར་ཐོན་སྐྱེད་དང་ སོ་ནམ་ཅ་ཆས་ཚུ་ ཚོང་འབྲེལ་འཐབ་དགོཔ་ཨིན་རུང་ སོ་ནམ་ཚོང་ཁང་ མང་ཤོས་ར་ བཟའ་ཆས་ཀྱི་ ཚོང་ཁང་བཟུམ་ཅིག་ལུ་ གྱུར་ཏེ་ཡོདཔ་ལས་ ཚོང་ཁང་ཚུ་ དམིགས་ཡུལ་དང་འཁྲིལ་ཏེ་ ག་ཅི་སྦེ་ ལག་ལེན་འཐབ་མ་ཚུགས་ཨིན་ན་ཟེར་ སོ་ནམ་བློན་པོ་ལུ་ དྲི་བཀོད་འབད་ཡི།
སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ཞུ་མིའི་ནང་ པཱན་སྦང་གི་ རྒེད་འོག་༤ གི་ སོ་ནམ་ཚོང་ཁང་ཚུ་གིས་ ཕན་སྦོམ་སྦེ་ར་ ཐོགས་ཡོད་པའི་ སྙན་ཞུ་ཚུ་ ལྷོད་ཡོདཔ་བཞིན་དུ་ ད་ལྟོ་ ཚོང་ཁང་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ གྱུར་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *