རྒེད་འོག་ནང་ མི་མང་སྐྱེལ་འདྲེན་བཱསི་གི་ཞབས་ཏོག་ ལེགས་བཅོས་འབད་དགོ་པའི་ ཞུ་བ།

༉ རྩི་རང་གི་ མི་སེར་༡༥༠ དེ་ཅིག་གིས་ ས་གནས་གཞུང་གི་འགོ་ཁྲིདཔ་ལུ་ རྒེད་འོག་ནང་ མི་མང་སྐྱེལ་འདྲེན་བཱསི་གི་ཞབས་ཏོག་ ལེགས་བཅོས་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
གནད་དོན་དེ་ སྤྱི་ཟླ་༣ པའི་ཚེས་༢༠ ལུ་འཚོགས་མི་ རྫོང་ཁག་ཚོགས་འདུ་ཐེངས་༥ པའི་ནང་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཤི་བ་ལཱལ་ ཀ་ར་རི་ཡ་གིས་འབད་བ་ཅིན་ གསེར་གྱི་ཐང་དང་ དུང་ལ་སྒང་རྒེད་འོག་ནང་ འགྲོ་འགྲུལ་འབད་མི་ མི་མང་སྐྱེལ་འདྲེན་བཱསི་ཚུ་ རྙིངམ་ཐལ་སོཔ་ལས་ འཕྲལ་འཕྲལ་སྦེ་ར་ མེདཔ་ཐལཝ་མས་ཟེར་ཨིན་པས།
མི་མང་སྐྱེལ་འདྲེན་བཱསི་ཚུ་མེདཔ་ཐལ་ཏེ་ ལམ་གྱི་སྦུག་ནང་ ལུས་པའི་བསྒང་ལས་ མི་ལ་ལོ་ཅིག་ ལམ་ཕྱེད་ཀ་ལས་ རྐང་སྟོང་སྦེ་འགྱོ་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་ རྒེད་འོག་གི་ བོ་ལེ་རོ་གིས་ ལེན་བསྐྱལ་དགོ་པའི་ དུས་སྐབས་ཡང་ བྱུངམ་མས་ཟེར་ཨིན་པས།
མི་མང་སྐྱེལ་འདྲེན་བཱསི་གཉིསཔོ་དེ་གིས་ གསེར་གྱི་ཐང་དང་ དཀྱིལ་འཁོར་ཐང་ རྩི་རང་སྟོད་ དེ་ལས་ དུང་ལ་སྒང་རྒེད་འོག་གི་ མི་སེར་ཚུ་ ཕར་ཚུལ་འགྲོ་འགྲུལ་འབད་ནི་གི་ སྣུམ་འཁོར་གཙོ་ཅན་ཅིག་ཨིན་པས།
སྣུམ་འཁོར་དེ་༢ ཀྱིས་ ཕུན་བརྟན་ཆུ་དང་ མགོ་གསེར་གླིང་ དེ་ལས་ སེམས་ལྗོངས་ཀྱི་ མི་སེར་ཚུ་ཡང་ ཞབས་ཏོག་བྱིན་དོ་ཡོདཔ་ཨིན་པས།
བར་གཤོང་རྒེད་འོག་གི་དོན་ལས་ མི་མང་སྐྱེལ་འདྲེན་བཱསི་ སོ་སོར་ཡོདཔ་ད་ བཱསི་དེ་གིས་ མནྜལ་སྒང་གི་ མི་སེར་ཚུ་ཡང་ འབག་དོ་ཡོདཔ་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ མི་མང་སྐྱེལ་འདྲེན་བཱསི་གི་གནས་སྟངས་ཚུ་ སྐྱོ་དྲགས་སྦེ་ཡོད་ནི་དེ་གིས་ འཕྲལ་འཕྲལ་སྦེ་ར་ མེདཔ་ཐལ་ཏེ་ལུས་དོ་ཡོདཔ་ཨིན་རུང་ དེ་ལུ་ ཚ་གྱང་འབག་སྟེ་སླབ་མི་ ག་ཡང་མ་ཐོན་པའི་ཤུལ་ལུ་ མི་སེར་ཚུ་གིས་ བཱསི་གི་གནས་སྟངས་བལྟ་དགོ་པའི་སྐོར་ལས་ ཞུ་བ་འབདཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ རྒེད་འོག་ལྟེ་བའི་ལམ་ཚུ་ག་ར་ རྩི་ནག་བཏང་སྟེ་ ལེགས་ཤོམ་བཟོ་ཡོདཔ་ལས་ མི་མང་སྐྱེལ་འདྲེན་བཱསི་གི་ གནས་སྟངས་ཚུ་ཡང་ ལེགས་བཅོས་འབད་དེ་ ཚབ་བཙུགས་ནི་ཁག་ཆེ་བས་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུ་ནང་ གྲོས་བསྡུར་འབད་བའི་ཤུལ་ལུ་ རྫོང་ཁག་ཚོགས་འདུ་གིས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་དང་ མི་མང་སྐྱེལ་འདྲེན་བཱསི་གི་ ཇོ་བདག་ཚུ་གིས་ བཱསི་ཚབ་བཙུགས་དགོཔ་སྦེ་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ དེ་སྦེ་འབད་དགོ་མི་དེ་ཡང་ མི་སེར་ཡོངས་ཀྱི་ ཉེན་སྲུང་གི་དོན་ལུ་ཨིནམ་ལས་ རྫོང་ཁག་ཚོགས་འདུ་ནང་ ཆ་འཇོག་གྲུབ་མི་གྲོས་ཆོད་དེ་ འཕྲལ་མགྱོགས་སྦེ་ར་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ དེ་ལས་ བཱསི་གི་ཇོ་བདག་ཚུ་ལུ་ འདྲ་རེ་སྤྲོད་འོང་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུའི་ འཐུས་མི་ཚུ་གིས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་འགོ་དཔོན་ ནོར་བུ་རྒྱ་མཚོ་ལུ་ བཱསི་གི་གནས་སྟངས་སྐོར་ལས་ དྲི་དཔྱད་འབད་བའི་སྐབས་ ཁོ་གིས་འབད་བ་ཅིན་ ས་གནས་ནང་ བཱསི་༣ ལས་མེད་ནི་དེ་གིས་ བར་གཤོང་དང་ དུང་ལ་སྒང་ དེ་ལས་ གསེར་གྱི་ཐང་ལུ་འགྱོ་དོ་ཡོདཔ་ལས་ བཱསི་གི་གནས་ཡུན་ལུ་ སྐྱོན་ག་ཅི་ཡང་མེད་ཟེར་ སླབ་ཡོདཔ་ཨིན་པས།
དུང་ལ་སྒང་རྒེད་འོག་ནང་འགྱོ་མི་ བཱསི་དེ་ཡང་ ཌི་སི་ཨེམ་ཊག་ བཱསི་ལུ་ བཟོ་བཟོཝ་ཨིནམ་ད་ གསེར་གྱི་ཐང་ལུ་འགྱོ་མི་དེ་ ཊ་ཊ་ཨི་ཅར་༢ པོ་དེ་གི་གནས་ཡུན་ ད་རུང་ལོ་༢ ཡོདཔ་ཨིན་རུང་ བར་གཤོང་ལུ་འགྱོ་མི་ ཨི་ཅར་བཱསི་དེ་ ཟླཝ་༣ གྱི་ཤུལ་ལས་ གནས་ཡུན་ཚང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ སྒྲིག་གཞི་དང་འཁྲིལཝ་ད་ རྒྱ་གར་ལས་བཟོ་སྐྲུན་འབད་མི་ བཱསི་ཚུ་གིས་ ལམ་བདའ་སྟེ་ སྐྱེལ་འདྲེན་འབད་ཆོག་པའི་ གནས་ཡུན་ལོ་༩ ཨིན་ཟེར་ཨིན་པས།
དེ་མ་ཚད་ དབང་འཛིན་ལུ་ མི་སེར་ལས་ ཉོགས་བཤད་ག་ཅི་ཡང་ ལྷོད་དེ་མེདཔ་ལས་ འབད་ཐབས་ག་ཅི་ཡང་ མ་འབྱུང་ཟེར་ཨིན་པས།
མ་གཞི་ ཁོང་གི་ གནས་ཡུན་མ་ཚང་སྟེ་འབད་རུང་ བཱསི་ཚུ་ ལམ་བདའ་འགྱོ་བའི་སྐབས་ འཕྲལ་འཕྲལ་སྦེ་ར་ མེདཔ་ཐལ་ཏེ་ལུས་ནི་དེ་གིས་ མི་སེར་གྱིས་ ཉོགས་བཤད་བཀོད་བཀོདཔ་ཨིན་པ་ཅིན་ དབང་འཛིན་གྱིས་ དེ་ནང་བར་འཛུལ་འབད་དེ་ ག་ཅི་འབད་ནི་ཡོད་རུང་ འབད་འབདཝ་འོང་ཟེར་ བཤད་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *