རྒེད་འོག་གོང་འཕེལ་གནང་བྱིན་ལས་ ལོ་བསྟར་རྒེད་འོག་གནང་བྱིན་དྲག་དོ་ཡོདཔ།

༉ དངུལ་རྩིས་བློན་པོ་གིས་ ལོ་བསྟར་རྒེད་འོག་གནང་བྱིན་སྐོར་ལས་ རྒྱལ་ཁབ་ནང་འཁོད་ལུ་ གོ་བརྡ་སྤྲོད་རུང་ གནང་བྱིན་འགོ་བཙུགས་མི་ལུ་བརྟེན་ རྒེད་འོག་གིས་ རྒེད་འོག་གོང་འཕེལ་གནང་བྱིན་ མི་འཐོབ་ནི་ཨིན་པའི་ དོགས་པ་ཆགས་ཏེ་ཡོདཔ་ཨིན་པས།
རྒེད་འོག་ཚུ་གིས་ རྒེད་འོག་གོང་འཕེལ་གནང་བྱིན་དེ་ ཁེ་ཕན་ཅན་ཅིག་སྦེ་ མཐོང་གསལ་བྱུང་མི་དེ་ཡང་ ལོ་ལྔའི་འཆར་གཞིའི་ ལས་སྣ་ཚུ་ནང་ མ་བཙུགས་མི་ཚུ་ཡང་ འཆར་གཞི་བཟོ་ཐོག་ལས་ ལག་ལེན་འཐབ་ཚུགས་ནི་དེ་གིས་ཨིན་པས།
ས་གནས་གཞུང་གི་ འགོ་དཔོན་ལ་ལོ་གིས་ བཤད་མིའི་ནང་ ལོ་བསྟར་རྒེད་འོག་གནང་བྱིན་འབད་བ་ཅིན་ འཆར་གཞི་༡༢ པའི་ ལས་སྣ་ནང་ མ་ཚུད་མི་ ལས་འགུལ་དང་ལཱ་ཚུ་ འབད་མི་ཆོག་ནི་མས་ཟེར་ཨིན་པས།
ཨིན་རུང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ རྒེད་འོག་ལོ་བསྟར་གནང་བྱིན་གྱིས་ རྒེད་འོག་ཚུ་ནང་ རྒྱལ་ཡོངས་བརྡ་སྟོན་ལས་རིམ་དང་འཁྲིལ་ཏེ་ སྒོ་ཡངས་དྲགས་ཐོག་ལས་ གཙོ་རིམ་སྒྲིག་ནིའི་ གོ་སྐབས་འཐོབ་ཟེར་ཨིན་པས།
དེ་ཡང་ གནང་བྱིན་གྱི་ ལམ་ལུགས་གསར་པའི་ནང་ མ་གཞི་ ལས་སྣ་ཚུ་ འཆར་གཞི་༡༢ པའི་ འཆར་གཞི་འཆར་དངུལ་ ཡོངས་བསྡོམས་ནང་འཁོད་ལུ་ འབད་དགོཔ་ཨིན་རུང་ རྒེད་འོག་ཚུ་ལུ་ འཆར་གཞི་དང་ ལག་ལེན་ལས་སྣ་ཚུ་ འཆར་གཞི་༡༢ པའི་ནང་ མ་ཚུད་མི་ཡང་ འབད་ཆོག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་ལ་ལོ་ཅིག་གིས་ གནང་བྱིན་དགོ་ནིའི་དོན་ལུ་ འཆར་གཞི་༡༢ པའི་ནང་ཡོད་མི་ ལས་སྣ་ཚུ་གི་དོན་ལས་ གྲོས་འཆར་མ་བཙུགས་པས་ཟེར་ཨིནམ་ད་ རྒེད་འོག་ལོ་བསྟར་གནང་བྱིན་དེ་ར་ རྒེད་འོག་གོང་འཕེལ་གནང་བྱིན་ཨིནམ་མ་ཚད་ རྒེད་འོག་གོང་འཕེལ་གནང་བྱིན་དང་ཕྱདཔ་ད་ ལོ་བསྟར་རྒེད་འོག་གནང་བྱིན་ ལེགས་ཤོམ་ཨིན་ཟེར་ཨིན་པས།
ཨིན་རུང་ གཞུང་གི་མགྲིན་ཚབ་ ཕྱི་འབྲེལ་བློན་པོ་ རྟ་མགྲིན་རྡོ་རྗེ་གིས་ འབད་བ་ཅིན་ ལས་སྣ་ཚུ་ དངུལ་ཀྲམ་ས་ཡ་༥ ལས་ལྷག་སྟེ་ཡོད་པ་ཅིན་ གཞུང་ལྟེ་བ་ལུ་ ཆ་འཇོག་གི་དོན་ལུ་ ཞུ་བ་འབད་དགོ་ཟེར་ཨིན་པས།
ལོ་བསྟར་རྒེད་འོག་གནང་བྱིན་གྱིས་ མ་དངུལ་ལག་ལེན་འཐབ་ནི་ཚུ་ ལེགས་བསྒྱུར་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་དང་ རྒེད་འོག་འཆར་དངུལ་ག་ར་ གནང་བྱིན་འོག་ལུ་ བགོ་བཀྲམ་འབད་དེ་ཡོདཔ་ད་ དེ་གིས་ འཆར་དངུལ་ཚུ་ དོན་སྨིན་ཅན་གྱི་ ལས་སྣ་ཚུ་ལུ་ བགོ་བཀྲམ་འབད་ཚུགས་ནི་ཨིན་པའི་ཁར་ གནང་བྱིན་ལམ་ལུགས་གསརཔ་དེ་ རྩིས་ལོ་༢༠༡༩-༢༠ ལུ་ གཞི་བཙུགས་འབད་ཡི་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་ཅི།
ས་གནས་གཞུང་གིས་ སླབ་མིའི་ནང་ གནང་བྱིན་ལུ་བརྟེན་ འཆར་དངུལ་ཡར་སེང་འབད་མི་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ རྒཔོ་ཚུ་གིས་འབད་བ་ཅིན་ ཏི་རུ་འཛིན་སྐྱོང་འབད་ནི་ལུ་ཡང་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
ང་བཅས་ཀྱིས་ རྒེད་འོག་གོང་འཕེལ་མ་དངུལ་སྦེ་ དངུལ་ཀྲམ་ས་ཡ་༢ འཐོབ་ནི་ཡོདཔ་ལས་ ད་རེས་ ཧེ་མ་བཟུམ་སྦེ་ མ་དངུལ་རྫོང་ཁག་བརྒྱུད་དེ་མེན་པར་ ཐད་ཀར་དུ་ རྒེད་འོག་ནང་ འོང་ནི་མས་ཟེར་ བཀྲིས་སྒང་བར་མཚམས་རྒཔོ་ སྐལ་བཟང་ཟླ་བ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ རྒེད་འོག་ནང་ གནང་བྱིན་ལམ་ལུགས་གསརཔ་གི་ ལམ་སྟོན་ཚུ་མ་གཏོགས་ འཆར་དངུལ་ག་ནི་ཡང་ མ་ལྷོད་ཟེར་ཨིནམ་ད་ སྤ་རོ་རྡོ་དཀར་རྒཔོ་ ལྷབ་ཚེ་རིང་གིས་ སླབ་མིའི་ནང་ རྒེད་འོག་ནང་ སྤྱིར་བཏང་ཚད་ལྡན་གཞི་རྟེན་མ་དངུལ་གྱི་ ཁ་སྐོང་སྦེ་ གནང་བྱིན་འཐོབ་ནི་ཨིནམ་ལས་ དེ་གིས་ རྒེད་འོག་ནང་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།
རྩི་རང་མཚོ་གླིང་མཁར་གྱི་རྒཔོ་ པ་སངས་ཐིང་ཏ་མང་གིས་འབད་བ་ཅིན་ ལོ་བསྟར་རྒེད་འོག་གནང་བྱིན་གྱིས་ ས་གནས་གཞུང་ནང་ དངུལ་འབྲེལ་རྒྱུན་སྐྱོང་གི་ དབང་ཆ་འཐོབ་ཚུགས་ནི་མས་ཟེར་ཨིན་པས།
ལོ་བསྟར་རྒེད་འོག་གནང་བྱིན་དེ་ ལག་ལེན་འཐབ་ཡོདཔ་བཞིན་དུ་ འཆར་གཞི་༡༢ པའི་ནང་ རྒེད་འོག་༢༠༥ གི་དོན་ལུ་ འཆར་དངུལ་ཡོངས་བསྡོམས་ ཐེར་འབུམ་༡༢ ལས་ འཆར་དངུལ་བགོ་བཀྲམ་ འགོ་དང་པ་ དངུལ་ཀྲམ་ཐེར་འབུམ་༢.༤ བགོ་བཀྲམ་འབད་ནུག།
ས་གནས་གཞུང་ལུ་ བགོ་བཀྲམ་འབད་ནི་ལུ་ དངུལ་ཀྲམ་ཐེར་འབུམ་༥༠ ཡོད་མི་ལས་ ལོ་བསྟར་རྒེད་འོག་གནང་བྱིན་ དངུལ་ཀྲམ་ཐེར་འབུམ་༡༢ བཞག་ཡོད་མི་དེ་ ལོ་བསྟར་བཞིན་དུ་ བྱིན་ནི་ཨིན་པས།
གཞུང་གིས་ འཕྲལ་ཁམས་ཅིག་ཁར་ ལོ་བསྟར་རྒེད་འོག་གནང་བྱིན་གྱི་ ལག་ལེན་ལམ་སྟོན་འགོ་བཙུགས་ཡོདཔ་བཞིན་དུ་ རྒེད་འོག་ཚུ་གིས་ འཐོབ་ནི་ཨིན་མི་ ལོ་བསྟར་མ་དངུལ་ཚུ་ཡང་ བཟོ་ཡོདཔ་ད་ རྒེད་འོག་ཚུ་གིས་ མ་རྩ་དངུལ་ཀྲམ་ས་ཡ་༢༠ ཡན་ཆད་འབད་མི་ཚུ་ རྫོང་ཁག་དངུལ་རྩིས་ཚོགས་ཆུང་ལུ་ བྱིན་དགོཔ་ཨིན་པས།
གནང་བྱིན་དེ་ཡང་ ཆ་ཤས་༢ སྦེ་ཡོད་མི་དེ་ཡང་ གསར་སྒྲུབ་དང་ རྒྱུན་སྐྱོང་སྦེ་ཡོདཔ་ད་ དངུལ་རྩིས་ལྷན་ཁག་གིས་ རྒྱུན་སྐྱོང་ཟད་འགྲོའི་ དགོས་མཁོ་དང་འཁྲིལ་ཏེ་ བགོ་བཀྲམ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ མཐུན་རྐྱེན་བགོ་བཀྲམ་ལམ་ལུགས་དང་ གསར་སྒྲུབ་ཀྱི་ མ་དངུལ་ཚུ་ བགོ་བཀྲམ་འབད་ནི་ཨིན་པས།
གསར་སྒྲུབ་མ་དངུལ་དེ་ བཟོ་སྐྲུན་དང་ ཞིང་ལམ་ཉམས་བཅོས་ དེ་ལས་ མི་སྡེ་ལྟེ་བའི་ སློབ་གྲྭ་དང་ སྨན་ཁང་ འཐུང་ཆུ་ ཞིང་ཆུ་ཉམས་བཅོས་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
གནང་བྱིན་གྱི་ ལམ་སྟོན་དང་འཁྲིལཝ་ད་ རྒེད་འོག་གིས་ རྒྱལ་ཡོངས་གཙོ་རིམ་ནང་འཁོད་ལུ་ གློ་བུར་གྱི་ལས་སྣ་ ལཱ་གཡོག་གོ་སྐབས་བཟོ་ནི་ ཕྱགས་སྙིགས་འཛིན་སྐྱོང་ དེ་ལས རང་བཞིན་གནས་སྟངས་ ཉམས་སྲུང་འབད་ནི་ལ་སོགས་པ་ཚུ་ནང་ གསར་སྒྲུབ་མ་དངུལ་ལག་ལེན་འཐབ་ཆོག་ནི་ཨིན་པས།
ཨིན་རུང་ གནང་བྱིན་ཚུ་ འོས་འབབ་མེད་པའི་ལས་སྣ་ མགྲོན་ཁྱིམ་དང་ སྤྲོ་སྟོན་ དེ་ལས་ སྣུམ་འཁོར་མཁོ་སྒྲུབ་འབད་ནིའི་ནང་ ཟད་འགྲོ་གཏང་མི་བཏུབ་ཟེར་ ལམ་སྟོན་ནང་བཀོད་ནུག།
གཞུང་གིས་འབད་བ་ཅིན་ གནང་བྱིན་ལམ་ལུགས་གསརཔ་དེ་གིས་ དབང་ཚད་ཕྱིར་སྤེལ་ལེགས་ལྡན་བཟོ་ནི་ལུ་ ལྷན་ཐབས་འབད་ནི་ཨིནམ་མ་ཚད་ རྒེད་འོག་ནང་ དངུལ་སྤྲོད་སྟབས་བདེ་ཏོག་ཏོ་དང་ མགུ་རྙོགས་ལམ་ལུགས་ བྱ་རིམ་ཚུ་ཡང་ མར་ཕབ་འབད་ཚུགས་ནི་ཨིན་པས།
དུས་ཅི་ལས་ གནང་བྱིན་དེ་གིས་ འཆར་གཞི་བཟོ་ནི་དང་ འཆར་དངུལ་བགོ་བཀྲམ་ མ་དངུལ་བྱིན་ནི་ཚུ་ ས་གནས་གཞུང་ཚུ་ནང་ སྟབས་མཐུན་ཐོག་ལས་ བྱིན་ཚུགས་ནི་དེ་ཡང་ རྒེད་འོག་བདག་སྐྱོང་གིས་ དངུལ་རྩིས་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ ལོ་བསྟར་བཞིན་དུ་ འཆར་དངུལ་སྐོར་ལས་ གྲོས་བསྟུན་འབད་དགོཔ་ མི་འབྱུང་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *