རྒེད་འོག་གི་ ས་མཚམས་ཚུ་ལུ་ བརྩི་མཐོང་བསྐྱེད་དགོཔ།

༉ སྤྱི་ཟླ་༥ པ་ལས་ ལ་མཐོ་སར་ སྡོད་མི་ཚུ་གི་དོན་ལུ་ འབབ་ཁུངས་སྦོམ་ཤོས་ཅིག་ཨིན་མི་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ནིའི་ དུས་ཚོད་འགོ་བཙུགསཔ་བཞིན་དུ་ འབྲེལ་ཡོད་དབང་འཛིན་ལས་ གནང་བ་ཐོབ་མི་ཚུ་ ད་རེས་ནངས་པར་ དབྱར་རྩྭ་དགུན་འབུབ་སྐྱེས་སའི་ ས་ཁོངས་ཚུ་ནང་ སོང་སྟེ་ཡོདཔ་ཨིན་མས།

ཨིན་རུང་ ད་ལྟོ་ མགར་ས་དང་ དབང་འདུས་ཕོ་བྲང་རྫོང་ཁག་གཉིས་ཀྱི་ རྒེད་འོག་དག་པ་ཅིག་གི་བར་ན་ རང་སོའི་ས་མཚམས་ཚུ་ནང་ ཧམ་འཛུལ་འབད་བའི་ གནད་དོན་ལུ་བརྟེན་ བྲེལ་ཟིང་ལང་ཡོད་མི་དེ་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ཨིན་མས།

ག་འཆརཔ་ཟེར་བ་ཅིན་ འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་ཅིག་ནང་ མི་འབོར་ཡང་ ཆུང་ཀུ་ཅིག་ཨིནམ་ལས་ ང་བཅས་རའི་ མི་སྡེ་ཚུ་ བཟའ་ཚང་གཅིག་གི་ འཐུས་མི་བཟུམ་སྦེ་ འཆམ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ སྡོད་དགོཔ་ཅིག་ཨིན་རུང་ ད་རེས་ ལ་གོང་གསུམ་གྱི་ ས་གོ་ལ་ལོ་ཅིག་ནང་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་གྱི་ ཐོབ་དབང་སྐོར་ ཉོགས་འཛིན་ཐོན་ཡོད་མི་ལུ་བརྟེན་ཨིན།

ཉོགས་འཛིན་དེ་ཡང་ མགར་ས་རྫོང་ཁག་ ལུང་ནག་ནང་དང་ དབང་འདུས་རྫོང་ཁག་ལས་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་མི་ཚུ་གི་བར་ན་ བྱེལཝ་ལང་སྟེ་ བདུན་ཕྲག་༡ དེ་ཅིག་ སོང་མི་དེ་ཡང་ དབང་འདུས་ཕོ་བྲང་གི་ རྒེད་འོག་བདག་སྐྱོང་༤ གིས་ མི་སེར་ཚུ་ལུ་ རྒེད་འོག་གི་ ས་མཚམས་ལས་བརྒལ་ཏེ་ དགུན་འབུབ་བསྡུ་ཆོག་པའི་ གནང་བ་སྤྲོད་པའི་ཤུལ་ལས་ ཉོགས་འཛིན་ཐོན་ནུག།

ལུང་ནགཔ་ཚུ་གིས་ སྐྱོན་བརྗོད་འབད་མི་དང་འཁྲིལཝ་ད་ དབང་འདུས་ཕོ་བྲང་གི་ རྒེད་འོག་༤ ལས་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་མི་༡,༠༠༠ དེ་ཅིག་གིས་ རང་སོའི་རྒེད་འོག་གི་ ས་མཚམས་ལས་བརྒལ་ཏེ་ རྒེད་འོག་གཞན་གྱི་ ས་ཁོངས་ཚུ་ནང་ ཧམ་འཛུལ་འབད་མི་དེ་ བཅའ་ཁྲིམས་དང་ སྒྲིག་གཞི་ལས་འགལ་བའི་ བྱ་སྤྱོད་ཅིག་ཨིནམ་སྦེ་ ཁ་ཉེས་བཀལཝ་ཨིན་མས།

སྤྱི་ལོ་༢༠༡༤ ལུ་ ཆ་འཇོག་གྲུབ་མི་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་དང་ ཚོང་འབྲེལ་འཐབ་ཐངས་ཀྱི་ བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལ་བ་ཅིན་ དབྱར་རྩྭ་དགུན་འབུབ་དེ་ རང་སོའི་རྒེད་འོག་གི་ ས་མཚམས་ནང་འཁོད་ལུ་མ་གཏོགས་ རྒེད་འོག་གཞན་གྱི་ ས་མཚམས་ནང་ལས་ བསྡུ་བསྒྱོམ་འབད་མི་ཆོག་པས།

ད་རུང་ སྒྲིག་གཞི་དང་འཁྲིལ་བ་ཅིན་ དབྱར་རྩྭ་དགུན་འབུབ་དེ་ ཁྱིམ་གུང་རེ་ལས་ བཟའ་ཚང་འཐུས་མི་༣ གྱིས་མ་གཏོགས་ བསྡུ་བསྒྱོམ་འབད་ཆོག་མི་ལུ་བལྟ་བ་ཅིན་ འབུབ་བསྡུ་བསྒྱོམ་འབད་ཆོག་མིའི་ ནང་འཁོད་ལུ་ འབབ་ཁུངས་ཚད་སྙོམས་ བཟོ་ཐབས་ལུ་ཨིན་མས།

ད་རེས་ དབང་འདུས་ཕོ་བྲང་གི་ རྒེད་འོག་༤ གིས་ ལུང་ནག་ནང་གི་ ས་ཁོངས་ནང་ ཧམ་འཛུལ་འབད་བའི་ བྱེལཝ་ལང་མི་དེ་ སེལ་ཐབས་ལུ་ སོ་ནམ་དང་ ཕྱི་འབྲེལ་བློན་པོ་༢ ཀྱིས་གཙོས་པའི་ རྫོང་བདག་༢ དང་ འབྲེལ་ཡོད་རྒཔོ་ དེ་ལས་ ནགས་ཚལ་འགོ་དཔོན་ཚུ་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱིས་ ལུང་ནག་ནང་ལུ་ བསྐྱལ་ཡོདཔ་ལས་ རྩོད་ཉོགས་ནང་ གྲལ་གཏོགས་འབད་མི་ཚུ་ འཆམ་མཐུན་བཟོ་ནི་གི་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་མས།

འདི་འབདཝ་ད་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་གྱི་ ས་ཁོངས་དང་འབྲེལ་བའི་ བྲེལ་ཟིང་ཐོན་མི་དེ་ འགོ་དང་པ་མེན་མི་དེ་ཡང་ སྤྱི་ལོ་༢༠༡༤ ལུ་ཡང་ དབང་འདུས་རྫོང་ཁག་ལས་ མི་༧༠༠ ལྷགཔ་ཅིག་གིས་ ལུང་ནག་ནང་གི་ ས་ཁོངས་ནང་ ཧམ་འཛུལ་འབད་མི་ལུ་བརྟེན་ རྒེད་འོག་དང་ ནགས་ཚལ་འགོ་དཔོན་ཚུ་གིས་ བྱེལཝ་ལང་མི་དེ་ ཚད་འཛིན་འབད་མ་ཚུགས་པར་ བདེ་སྲུངཔ་༢༥ དེ་ཅིག་ འབོ་དགོཔ་ཐོན་ནུག།

ད་རེས་ བྱེལཝ་ཐོན་མི་དེ་ཡང་ དེ་བསྒང་ དབང་འདུས་ཕོ་བྲང་རྫོང་ཁག་གི་ཧོངས་ལས་ ཧམ་འཛུལ་འབདཝ་ད་ ས་མཚམས་ཀྱི་སྐོར་ སྤྱི་ལོ་༢༠༡༤ ལུ་བཟོ་མི་ བཅའ་ཡིག་དང་ སྒྲིག་གཞི་དེ་ འཕྲི་སྣོན་ཐོག་ དམ་སྒྲིང་མ་བཟོ་མི་ལུ་བརྟེན་ འོང་ནི་མས།

འདི་འབདཝ་ལས་ ད་རེས་ ལུང་ནག་ནང་ལུ་སོང་མི་ ཞིབ་དཔྱད་སྡེ་ཚན་གྱིས་ ཤུལ་ལས་ འདི་བཟུམ་མའི་ བྲེལ་ཟིང་དང་ རྩོད་རྙོགས་མི་འཐོན་ནིའི་དོན་ལུ་ སྤྱི་ལོ་༢༠༡༤ ཅན་མའི་ བཅའ་ཡིག་དང་ སྒྲིག་གཞི་དེ་ བསྐྱར་ཞིབ་འབད་ཐོག་ལས་ རྒེད་འོག་སོ་སོའི་ ས་མཚམས་ལུ་ གུས་ཞབས་དང་ བརྩི་མཐོང་ཡོདཔ་ བཟོ་དགོཔ་བཞིན་དུ་ གལ་སྲིད་ རྒེད་འོག་གི་ ས་མཚམས་ཚུ་ལུ་ བརྩི་མཐོང་མ་བསྐྱེད་པ་ཅིན་ ཁྲིམས་དང་འཁྲིལ་ ཉེས་བྱ་ཚུ་ ཡངས་ཆག་མེད་པར་བཀལ་དགོ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *