མོང་སྒར་རྫོང་ཁག་ཚོགས་འདུ་ འཚོགས་པའི་བསྒང་།

རྒེད་འོག་༢ ནང་ སློབ་གྲྭ་ལྟེ་བ་རེ་ གཞི་བཙུགས་འབད་ནིའི་ གྲོས་ཆོད་བཏོན་ཡོདཔ།

༉ སྐྱེངས་མཁར་དང་ སི་ལམ་སྦིས་རྒེད་འོག་༢ ནང་ སློབ་གྲྭ་ལྟེ་བ་རེ་ གཞི་བཙུགས་འབད་ནིའི་ གྲོས་ཆོད་བཏོན་མི་དེ་ ཤེས་རིག་ལྷན་ཁག་ལུ་ ཕུལ་ནི་ཨིན་པས།
དེ་ཡང་ མོང་སྒར་རྫོང་ཁག་གི་ རྫོང་ཁག་ཚོགས་འདུ་འགོ་འདྲེན་འཐབ་པའི་སྐབས་ གསུང་གྲོས་རྒྱས་པར་གནང་པའི་ཤུལ་ལས་ གྲོས་འཆམ་བྱུང་ཡོདཔ་ཨིན།
མོང་སྒར་རྫོང་ཁག་ཁྲོམ་སྡེའི་ འཐུས་མི་ངོ་ཚབ་ཀྱིས་ གྲོས་འདེབས་ཕུལ་མི་དེ་ ས་གླིང་རྒཔོ་དང་ འབྲས་སྤུངས་ དེ་བཟུམ་སྦེ་ རྒེད་འོག་གཞན་གྱིས་ རྒྱབ་སྐྱོར་འབད་ཡི།
ས་གླིང་རྒཔོ་ ཆོས་ཉིད་རྡོ་རྗེ་གིས་ བློ་གསར་སློབ་རིམ་ལས་ སློབ་རིམ་༡༢ པ་ཚུན་ཡོད་པའི་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བ་དེ་ དུས་ཅི་ མཐོ་རིམ་སློབ་གྲྭ་སྦེ་ གཞི་བཙུགས་འབད་མི་དེ་གིས་ སྤྱི་ལོ་༢༠༡༨ ལས་ སློབ་གྲྭ་སྤོ་བཤུད་འབད་དགོཔ་ལས་ མི་སེར་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ཚུ་ཞུ་ཡི།
མོང་སྒར་ཁྲོམ་སྡེ་ཚོགས་པའི་ངོ་ཚབ་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་མིའི་ནང་ རྒྱལ་པོའི་ཞིང་ཁྲོམ་དེ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ དཔེ་སྟོན་གྱི་ ཁྲོམ་བཟོ་ནིའི་དོན་ལུ་ ད་ལྟོ་ རྫོང་ཁག་བདག་སྐྱོང་གིས་ འཆར་གཞི་ལས་སྣ་ཚུ་གི་ ལཱ་འབད་བའི་བསྒང་ཡོདཔ་ལས་ མ་འོངས་པ་ལུ་ མི་རློབས་ཡར་སེང་འགྱོ་ནི་ཨིནམ་ལས་ དེ་གི་དོན་ལུ་ སློབ་གྲྭ་ཆེ་བ་དགོཔ་ཡོད་ཟེར་ཞུ་ཡི།
དགྲ་མེད་རྩེ་རྒཔོ་གིས་ ཞུ་མིའི་ནང་ རྒྱལ་པོའི་ཞིང་ལུ་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་བའི་ཁར་ མི་རློབས་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ད་ལྟོ་ སློབ་རིམ་༡༢ པ་ཚུན་ བཟོ་ནི་ཟེར་བའི་ གྲོས་འདེབས་ཕུལ་མི་ལུ་ རྒྱབ་སྐྱོར་ཕུལ་མི་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེངས་མཁར་རྒཔོ་གིས་ ཆུ་ཡོད་སར་ཆརཔ་རྐྱབ་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ མཐོ་རིམ་སློབ་གྲྭ་ཡོད་པའི་ཁར་ ད་རུང་ སློབ་རིམ་༡༢ པ་ཚུན་ དགོཔ་སྦེ་ཞུ་མི་ལུ་ ཁེ་རྒུད་མ་བཏུབ་ཟེར་ཨིནམ་ད་ དེ་ཡང་ སྐྱེངས་མཁར་འབྲིང་རིམ་སློབ་གྲྭ་འོག་མ་དེ་ སློབ་གྲྭ་ལྟེ་བ་གུ་ ཡར་སེང་འབད་ཐབས་ལུ་ རྒྱབ་སྐྱོར་གནང་དགོཔ་སྦེ་ཞུ་ཡི།
རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ དབང་ཕྱུག་གིས་ ཞུ་མིའི་ནང་ སློབ་གྲྭ་དེ་གི་སྐོར་ ཤེས་རིག་ལྷན་ཁག་དང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་༢ ཀྱི་བར་ན་ གྲོས་ཚོགས་ཞལ་འཛོམས་ཚུ་ནང་ ད་རེས་ཡོད་པའི་ སློབ་གྲྭ་ལྟེ་བ་དེ་ མཐོ་རིམ་སློབ་གྲྭ་གུ་ རྒྱ་བསྐྱེད་འབད་ནི་སྦེ་ གྲོས་ཐག་ཆོད་དེ་ཡོདཔ་ལས་ སྤྱི་ལོ་༢༠༡༨ ལོ་མཇུག་བསྡུ་ཁམས་ཅིག་ཁར་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ལུ་ རྩིས་སྤྲོད་འབད་དགོཔ་སྦེ་ གྲོས་ཆོད་བཏོན་ཏེ་ འདུག་ཟེར་ཨིན་པས།
རྫོང་བདག་ཨྱོན་བསོད་ནམས་ཀྱིས་ སྐྱེངས་མཁར་དང་ སི་ལམ་སྦིས་རྒེད་འོག་༢ ནང་ སློབ་གྲྭ་ལྟེ་བ་ ཡར་སེང་འབད་བ་ཅིན་ སློབ་གྲྭ་དེ་ནང་ལས་ མཐར་འཁྱོལ་མི་སློབ་ཕྲུག་ཚུ་ སློབ་རིམ་༡༡ པ་དང་༡༢ པའི་དོན་ལུ་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མ་ནང་ བཙུགས་ནིའི་གོ་སྐབས་འདུག་ཟེར་ ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཀརྨ་བསམ་འཕེལ་དབང་ཕྱུག་གིས་ བཤད་མིའི་ནང་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བ་དེ་ རབ་འབྱུང་པ་ཅིན་ རང་འཇགས་སྦེ་བཞག་ནི་དང་ དེ་མིན་ ལྟོ་ཐོབ་ཀྱི་ སློབ་གྲྭ་སྦེ་བཞག་ནི་ དེ་ལས་ སྐྱེངས་མཁར་དང་ སི་ལམ་སྦིས་རྒེད་འོག་༢ ནང་ སློབ་གྲྭ་ལྟེ་བ་༢ ལུ་ ཡར་སེང་གནང་ཐབས་ཀྱི་ གྲོས་ཆོད་གྲུབ་ཡོད་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བཀའ་རྒྱ་ཁྱོམ་གྱིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཆ་རོགས་འབད་ནི།

༉ ཐིམ་ཕུག་ བཀའ་རྒྱ་ཁྱོམ་ནང་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་ཁུངས་ཀྱི་ རང་བཞིན་སོ་ནམ་དང་སྒོ་ནོར་ཐོན་སྐྱེད་བཙོང་ཁང་གིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གདོང་ལེན་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས། དེ་ཡང་ དར་དཀར་དཔལ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ དར་དཀར་སོ་ནམ་ཐོན་སྐྱེད་སྡེ་ཚན་གྱི་ རྒྱ་སྐྱེད་བཙོང་ཁང་བཟུམ་ཅིག་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *