བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་དང་ ཁྲིམས་སྤྱི་བློན་པོ་ དེ་ལས་ བློན་པོ་ཚུ་ རྫོང་བདག་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།

རྒེད་དྲུང་ཚུ་གི་གནས་ཡུན་ སྤྱི་ལོ་༢༠༡༩ གི་ཟླཝ་༣ པ་ལས་ མཇུག་བསྡུ་ནི།

༉ ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ ད་ལྟོ་ཡོད་མི་ རྒེད་དྲུང་ཚུ་གི་ གནས་ཡུན་དེ་ སྤྱི་ལོ་༢༠༡༩ གི་ ཟླཝ་༣ པ་ཚུན་ཨིནམ་ལས་ རྒེད་དྲུང་ཚུ་གིས་ རྒེད་འོག་ནང་ ལཱ་འབད་འདོད་ཡོད་པ་ཅིན་ བདག་སྐྱོང་ལས་རོགསཔ་གི་ ས་སྟོང་ཐོནམ་ད་ དོ་འགྲན་འབད་དགོ་ཟེར་ བཤད་ཅི།

དེ་ཡང་ ཁ་ཙ་ རྫོང་བདག་ཚུ་གི་ ལོ་བསྟར་ཞལ་འཛོམས་སྐབས་ བློན་པོ་གིས་ རྫོང་བདག་ཚུ་ལུ་ རྒེད་དྲུང་ཚུ་གི་སྐོར་ལས་ ས་གནས་གཞུང་གི་ བཅའ་ཁྲིམས་མེད་པའི་ཁར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ཡང་ ཐབས་ལམ་གཞན་མེདཔ་ལས་ སྤྱི་ལོ་༢༠༡༩ གི་ ཟླཝ་༣ པ་ལས་ གནས་ཡུན་རྫོགས་ནི་ཨིན་རུང་ འབྲེལ་ཡོད་རྫོང་ཁག་ཚུ་གིས་ དངུལ་ཕོགས་ཚུ་ འཕྲོ་མཐུད་སྤྲོད་པ་ཅིན་ རྩིས་ཞིབ་དབང་འཛིན་དང་གཅིག་ཁར་ བྱ་སྟབས་མ་བདེཝ་ འཐོན་འོང་ཟེར་བཤད་ཅི།
ནང་སྲིད་བློན་པོ་གིས་ རྒེད་དྲུང་ཚུ་གི་གནས་ཡུན་ ཕར་འགྱངས་འབད་ཡོད་རུང་ སང་ཕོད་ལས་ རྒེད་འོག་བདག་སྐྱོང་ལས་རོགསཔ་ བཙག་འཐུ་འབད་ནི་ཨིནམ་ལས་ གོ་གནས་སོ་སོར་ཨིནམ་ད་ ལས་རོགསཔ་གིས་ རྒེད་དྲུང་གི་ལཱ་ཚུ་ འབད་འོང་ཟེར་ཨིནམ་ད་ དེ་བསྒང་ གོ་སྐབས་ལེན་ཆོག་ཟེར་ཨིན་པས།
ཁ་ཙ་ལས་ འགོ་བཙུགས་མི་ རྫོང་བདག་ཚུ་གི་ ལོ་བསྟར་ཞལ་འཛོམས་ནང་ རྫོང་ཁག་ཚུ་ནང་ལས་ལྷོད་མི་ གནད་དོན་སྣ་ཚོགས་གུ་ གྲོས་བསྟུན་གནང་ནི་ཨིནམ་ད་ ན་ཧིང་ རྫོང་བདག་ཚུ་གི་ ཞལ་འཛོམས་སྐབས་ གནད་དོན་ཁག་༨༦ གུ་ གྲོས་བསྟུན་འབད་ཡོད་མི་ལས་ དོན་ཚན་༢༧ གོ་བརྡ་དང་ བརྡ་དོན་དང་འབྲེལ་བའི་ གནད་དོན་ཚུ་ཨིནམ་ལས་ རྗེས་དཔྱད་འབད་དགོཔ་མ་འཐོན་ཟེར་ ས་གནས་གཞུང་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་བཤད་ཅི།
དེ་གི་ནང་ལས་ དོན་ཚན་༡༦ གྲོས་འཛོམས་ཀྱི་སྐབས་ལུ་ སེལ་ཚར་ཡི་ཟེར་ཨིནམ་ད་ ལས་ཁུངས་༡༥ བརྩིས་ཏེ་ གནད་དོན་ཁག་༥༩ རྗེས་དཔྱད་འབད་དགོཔ་ཡོདཔ་ཨིན་པས།
རྒེད་དྲུང་གི་ གོ་གནས་དེ་ གཞུང་གི་ ལམ་སྟོན་དང་འཁྲིལ་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ ད་ལྟོ་ཡོད་མི་ཚུ་ དུས་ཚོད་ཕར་འགྱངས་འབད་ཡོད་རུང་ སང་ཕོད་ལས་ རྒེད་དྲུང་ཚུ་གི་ཚབ་ རྒེད་འོག་བདག་སྐྱོང་ལས་རོགསཔ་ བཙུགས་ནི་ཨིན་པས།
ནང་སྲིད་བློན་པོ་གིས་ རྫོང་བདག་ཚུ་ལུ་ རང་སོའི་རྫོང་ཁག་ནང་ལྷོདཔ་ད་ གནད་དོན་དེ་ཚུའི་སྐོར་ལས་ གོ་བ་བཤད་བྱིན་དགོཔ་སྦེ་སླབ་ཡོདཔ་ད་ དེ་མིན་ སྤྱི་ལོ་༢༠༡༩ ལུ་ བྱ་སྟབས་མ་བདེཝ་ འཐོན་འོང་ཟེར་བཤད་ཅི།
རྫོང་བདག་ཚུ་གིས་ ཉིན་གྲངས་༣ གྱི་རིང་ གྲོས་བསྡུར་འབད་བའི་སྐབས་ ལས་ཁུངས་དང་ ལྷན་ཁག་ཚུ་དང་གཅིག་ཁར་ འབྲེལ་བ་ཡོད་པའི་ གནད་དོན་ཚུ་ལུ་ གྲོས་བསྟུན་འབད་ནི་ཨིན་པས།
ད་རིས་ རྐྱེན་ངན་འཛིན་སྐྱོང་དང་འབྲེལ་བའི་ འཆར་གཞི་ལམ་སྟོན་དང་ འཆར་དངུལ་འཛིན་སྐྱོང་མ་དངུལ་དང་ རྫོང་ཁག་གི་གནས་ཚད་ནང་ ངོ་སྤྲོད་ལག་ཁྱེར་ པར་སྐྲུན་འབད་མི་ འཕྲུལ་ཆས་དགོ་པའི་སྐོར་ལས་ གྲོས་བསྟུན་ཚུ་འབད་ནི་ཨིན་པས།
ཞབས་ཏོག་ལྷན་ཁག་དང་གཅིག་ཁར་ རྫོང་ཁག་གི་ བཟོ་རིག་ལས་ཁུངས་དང་ ཞབས་ཏོག་ལས་ཁུངས་དེ་ལས་ ཁྱིམ་ཐོག་བཟོ་བཀོད་ཀྱི་སྐོར་ལས་ གྲོས་བསྟུན་ཚུ་ འབད་ནི་ཨིན་པས།
ཤེས་རིག་གི་ གནད་དོན་ནང་ སློབ་གྲྭ་ལྟེ་བ་དང་འབྲེལ་བའི་ གནད་དོན་ཐོག་ལུ་ གྲོས་བསྟུན་འབད་ནི་ཨིནམ་ད་ སྤྱི་ལོ་༢༠༡༧ དང་༢༠༡༨ ལོའི་ འཆར་དངུལ་གྱི་སྐོར་ལས་ རྫོང་ཁག་ནང་ ཁག་འབག་གི་ལཱ་ཐོནམ་ད་ ཚོད་རྩིས་བཏོན་མི་ མ་དངུལ་ཐོག་ལས་ བརྒྱ་ཆ་༤༠ འོག་རྒྱུ་ རིན་བསྡུར་འབད་མི་ཚུ་ལུ་ ལཱ་སྤྲོད་པའི་སྐབས་ ལཱ་གི་སྤུས་ཚད་དང་ དུས་ཚོད་ལུ་ ཐོ་ཕོག་དོ་ཡོད་པའི་སྐོར་ལས་ཡང་ གྲོས་བསྟུན་འབད་ནི་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཞལ་འཛོམས་འགོ་འབྱེད་སྐབས་ རྫོང་བདག་ཚུ་ རྫོང་ཁག་ནང་ མི་དབང་མཆོག་གི་སྐུ་ཚབ་ཨིནམ་ལས་ རྫོང་ཁག་ནང་ ཕྱག་ཕྱིད་གང་དྲག་ཞུ་དགོ་པའི་ཁར་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནིའི་ གོ་སྐབས་ཨིན་པའི་ཁར་ ཉེན་ཁ་ཡང་ཡོདཔ་ལས་ དེ་ཚུ་ བཀག་ནིའི་འགན་ཁུར་ཡང་ འབག་དགོ་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *