འབུམ་སྡེ་གླིང་རྒཔོ་གི་གོ་གནས་ལུ་ བཙག་འཐུ་གྲུབ་མི་ རྒེད་དྲུང་བགྲེསཔ་ ཡེ་ཤེས་རྡོ་རྗེ་(གཡས་ཁ་ཐུག་)དང་ ཁོ་གི་དོ་འགྲན་པ་ ལས་སྐྱིད།

རྒེད་དྲུང་བགྲེསཔ་ འབུམ་སྡེ་གླིང་རྒཔོ་སྦེ་ བཙག་འཐུ་གྲུབ་ཡོདཔ།

ཁ་ཙ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་རྒཔོ་གི་ དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་མིའི་ནང་ ང་ལི་མང་ཕངས་སྟེང་སྤྱི་འོག་ལས་ སྐྱེས་ལོ་༤༡ ལང་མི་ རྒེད་དྲུང་བགྲེསཔ་ ཡེ་ཤེས་རྡོ་རྗེ་གིས་ ཚོགས་རྒྱན་བརྒྱ་ཆ་༤༦ ཐོབ་སྟེ་ བཙག་འཐུ་གྲུབ་ཅི།

རྒཔོ་གསརཔ་ ཡེ་ཤེས་རྡོ་རྗེ་གིས་ ཚོགས་རྒྱན་ཡོངས་བསྡོམས་༨༤༢ བཙུགས་ས་ལས་ ཚོགས་རྒྱན་༤༧༤ ཐོབ་ཡོདཔ་ད་ ཁོ་གི་དོ་འགྲན་འབད་མི་ ལས་སྐྱིད་ཀྱིས་ ཚོགས་རྒྱན་༣༦༨ ཐོབ་ཡོདཔ་བཞིན་དུ་ ཚོགས་རྒྱན་ཁྱད་པར་༡༠༦ ཆགས་ནུག།

ཡེ་ཤེས་རྡོ་རྗེ་གི་ འགྲེམ་ཐོག་ཚོགས་རྒྱན་༨༦ ཐོབ་ཡོདཔ་ད་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༥ ལས་ཡང་ ཚོགས་རྒྱན་མང་ཤོས་ར ཁོ་གིས་ ཐོབ་ཡོདཔ་ཨིན་པས།

རྒཔོ་བཙག་འཐུ་གྲུབ་མི་གིས་ སྤྱི་ལོ་༢༠༢༡ གི་ བཙག་འཐུ་མ་རན་ཚུན་ཚོད་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་དེའི་དོན་ཚན་༥༨༠ དང་འཁྲིལ་ རྒཔོ་སྦེ་ཕྱག་ཞུ་ནི་ཨིནམ་ད་ བཅའ་ཁྲིམས་ནང་ཡང་ དེ་ཅིག་ཕྱག་ཞུ་དགོཔ་སྦེ་ འཁོད་ཡོདཔ་ཨིན་པས།

འབུམ་སྡེ་གླིང་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་༢,༡༩༨ ཡོད་ས་ལས་ ཚོགས་རྒྱན་བཙུགས་པར་འོང་མི་༨༤༢ འབདཝ་ད་ བརྒྱ་ཆ་༣༨.༣ གྱིས་ ངོས་ལེན་འབད་ཡོདཔ་ཨིན་པས།

དུས་མིན་བཙག་འཐུའི་ གྲུབ་འབྲས་གསལ་བསྒྲགས་ནང་ འགྲེམ་ཐོག་ཚོགས་རྒྱན་༡༣༦ དང་ འཕྲུལ་ཆས་ཚོགས་རྒྱན་༧༠༦ བཙུགས་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་༡ ཆ་མེད་སོང་ཡི།

བཙག་འཐུ་གྲུབ་མི་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཁ་འཐོབ་ནིའི་ རེ་བ་མེད་རུང་ མི་སེར་གྱིས་ ཁོ་ལུ་ བློ་གཏད་དེ་ ཚོགས་རྒྱན་བཙུགས་ནུག་ཟེར་ཨིནམ་ད་ ཁོ་གིས་འབད་རུང་ ཕྱག་ཞུ་ཆོག་ཆོ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་གི་ འཆར་གཞི་ནང་ཡོད་པའི་ ལས་སྣ་ཚུ་ འཕྲོ་མཐུད་དེ་ ལཱ་འབད་འོང་ཟེར་ཨིནམ་ད་ ཁོ་རའི་ ཁས་བླངས་ཚུ་ཡང་ འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ཡེ་ཤེས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་ཅིན་ འཆར་གཞི་མེད་པའི་ ལས་སྣ་ཚུ་ཡང་ ལྷན་ཁག་དང་ རྫོང་ཁག་བདག་སྐྱོང་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ ཕྱག་ཞུ་ནིའི་རེ་བ་ཡོད་ཟེར་ཨིནམ་ད་ བཙག་འཐུ་དེ་ དོ་འགྲན་ཅན་ཅིག་སྦེ་ སྡོད་ཡི་ཟེར་ཨིན་པས།

ཡེ་ཤེས་རྡོ་རྗེ་གིས་ རྒེད་འོག་ནང་ ལོ་༣ ལྷགཔ་ཅིག་ རྒེད་དྲུང་སྦེ་ཕྱག་ཞུ་ཡོདཔ་ད་ ཁོ་གི་ དོ་འགྲན་འབད་མི་ ལས་སྐྱིད་ཀྱིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་པའི་ཤུལ་ལས་ སྒེར་གྱི་གསར་ཤོག་ནང་ ལཱ་འབད་ཡོདཔ་ཨིན་པས།

ལས་སྐྱིད་ཀྱིས་ སླབ་མིའི་ནང་ མི་སེར་གྱིས་ རྒྱབ་སྐྱོར་འབད་བའི་ རེ་བ་བསྐྱེད་ཡི་ཟེར་ཨིནམ་ད་ མི་སེར་མང་ཤོས་ཀྱིས་ རྒས་ཤོས་ར་ གདམ་ཁ་རྐྱབ་མི་དང་ ཡེ་ཤེས་རྡོ་རྗེ་དེ་ རྒེད་འོག་ནང་ ཕྱག་ཞུ་ནི་དེ་གིས་ བཙག་འཐུ་གྲུབ་ཡོདཔ་ལས་ ངལ་རངས་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒཔོ་གི་གོ་གནས་ལུ་ ཚར་༢ བཅའ་མར་གཏོགས་ཡི་ཟེར་ཨིནམ་ད་ ཨིན་རུང་ བཙག་འཐུ་མ་གྲུབ་མི་ལུ་བརྟེན་ ཤུལ་ལས་བཅའ་མར་གཏོགས་ནིའི་ རེ་བ་མེད་ཟེར་ཨིན་པས།

ཡེ་ཤེས་རྡོ་རྗེ་གིས་ ཉིན་གྲངས་༡༠ ལས་རྐྱངམ་གཅིག་ རྒཔོ་གི་གོ་གནས་འཆང་ཆོག་ནི་ཨིནམ་ད་ དེ་ཡང་ ད་རེས་འགོ་བཟུང་སྟེ་ སྤྱི་ཟླ་༡༠ པའི་ཚེས་༥ ཚུན་ཚོད་ བསྒུག་དགོ་ནི་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཚོགས་རྒྱན་བཙུགས་ཆོག་པའི་ ཐོ་བཀོད་གྲུབ་མི་༢,༡༩༨ ཡོད་ས་ལས་ བརྒྱ་ཆ་༣༨.༣ གྱིས་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ ངོས་ལེན་ལེགས་ཤོམ་ཅིག་ ཨིན་མས་ཟེར་ཨིན་པས།

དུས་མིན་བཙག་འཐུ་འབད་དགོ་མི་དེ་ཡང་ ཧེ་མའི་རྒཔོ་གིས་ ལོ་ན་མ་སྨིན་པའི་བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ བཙོན་ཁྲིམས་ཕོགས་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། འབུམ་སྡེ་གླིང་།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *