སྤྱི་ཟླ་༦ པའི་ཚེས་༢༡ ལུ་ བཙག་འཐུ་འགོ་དཔོན་གྱི་ སྡེ་ཚན་ཚུ་ ས་གནས་ཁག་སོ་སོའི་ནང་ འགྱོ་བའི་བསྒང་།

རྒས་ཤོས་དང་ དབང་པོ་སྐྱོན་ཅན་ཚུ་གིས་ འགྲུལ་སྐྱོད་ཚོགས་རྒྱན་བཙུགས་དོ་ཡོདཔ།

༉ གོ་བརྡ་དང་ སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་པའི་ཤུལ་ལས་ མོང་སྒར་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུའི་དོན་ལུ་ སྡེ་ཚན་༨ འབད་མི་ བཙག་འཐུ་འགོ་དཔོན་ཚུ་གིས་ ཁ་ཙ་ལས་ ས་གནས་ཁག་ཚུ་ནང་ འགྲུལ་སྐྱོད་ཚོགས་རྒྱན་ འགོ་འདྲེན་འཐབ་ནི་ འགོ་བཙུགས་ནུག། 

སྡེ་ཚན་རེ་ནང་ ཚོགས་རྒྱན་འགོ་དཔོན་༢ དང་ ཁྲིམས་སྲུང་དམག་མི་༢ དེད་གཡོགཔ་༡ འབདཝ་ད་ འཐུས་མི་༥ རེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ འབྲས་སྤུངས་དང་ ཆ་གླིང་རྒེད་འོག་ནང་ སྡེ་ཚན་རེ་ བཞག་ཡོདཔ་མ་ཚད་ མོང་སྒར་དང་ ཙ་ཀ་གླིང་ རྩ་མང་རྒེད་འོག་༣ ནང་ སྡེ་ཚན་༢ རེ་བཏང་ཡི།

འགྲུལ་སྐྱོད་ཚོགས་རྒྱན་དེ་ཡང་ བཙག་འཐུ་འགོ་དཔོན་སྡེ་ཚན་ཚུ་གིས་ ཐོ་བཀོད་ཅན་གྱི་ རྒན་ཤོས་དང་ དབང་པོ་སྐྱོན་ཅན་ཚུ་སྡོད་སར་ འགྱོ་ཐོག་ལས་ ཚོགས་རྒྱན་བཙུགས་བཅུག་དོ་ཡོདཔ་ད་ ཐབས་བྱུས་དེ་ ད་རེས་ ནད་ཡམས་ཀོ་བིཌ་-༡༩ འི་ གནས་སྟངས་དང་བསྟུན་ འདས་པའི་ཟླཝ་ནང་ འགོ་འདྲེན་འཐབ་མི་ ཁྲོམ་སྡེ་བཙག་འཐུ་ལས་ བསྟར་སྤྱོད་འབད་ནུག། 

མོང་སྒར་འདེམས་ཁོངས་ཀྱི་ རྒེད་འོག་༥ ནང་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ ཐོ་བཀོད་ཅན་གྱི་ རྒས་ཤོས་༡༧༨ དང་ དབང་པོ་ལུ་ ཐོ་ཕོག་མི་༥༢ ཡོདཔ་ཨིན་པས།

བཙག་འཐུ་འགོ་དཔོན་སྡེ་ཚན་༨ ཀྱིས་ ཁ་ཙ་ལས་འགོ་བཙུགས་ ཉིན་གྲངས་༢ ཀྱི་རིང་ སྒོ་བཤལ་རྐྱབ་སྟེ་ ཚོགས་རྒྱན་བཙུགས་ བཅུག་དོ་ཡོདཔ་ད་ ཐག་རིང་ཤོས་དེ་ རྩ་མང་རྒེད་འོག་ སྒང་ལ་སྤོང་སྟོད་སྤྱི་འོག་ནང་ འཁོར་ལམ་ལས་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ ལམ་འགྱོ་དགོཔ་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་འབད་བ་ཅིན་ འགྲུལ་སྐྱོད་ཚོགས་རྒྱན་གྱི་ མཐུན་རྐྱེན་དེ་ཡང་ ད་རེས་ནངས་པར་ ནད་ཡམས་ཀྱི་ གནས་སྟངས་ནང་ ཉེན་ཁ་ཐོག་ལུ་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ སྟབས་བདེ་བའི་ཁར་ ནད་ཡམས་ལས་ ཉེན་སྐྱོབ་འབད་ནི་དང་ ཚོགས་རྒྱན་གྱི་ ཉིནམ་ལུ་ཡང་ མི་སྤུངས་འཛོམས་འབད་ནི་ལུ་ མར་འབབ་འགྱོ་བའི་ ཁེ་ཕན་ཡོད་ཟེར་ཨིན་པས།

ངོས་ལེན་འགོ་དཔོན་ མ་ནི་ཀུ་མར་ག་ལས་ཀྱིས་ སླབ་མིའི་ནང་ ཚོགས་རྒྱན་འགོ་དཔོན་ཚུ་ལུ་ ནད་ཡམས་ཀྱི་ སྒྲིག་གཞི་དང་འཁྲིལ་ དམ་དམ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ཁ་གསལ་སྦེ་ གོ་བརྡ་སྤྲོད་ཡོདཔ་མ་ཚད་ ཉེན་སྲུང་མཁོ་ཆས་ཚུ་ཡང་ བཀྲམ་སྤེལ་འབད་དེ་ཡོད་པའི་ཁར་ ནད་ཡམས་ཡོད་མེད་ཀྱི་ ཨེན་ཊི་ཇེན་བརྟག་དཔྱད་ཡང་ འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ འགྲེམ་ཐོག་ཚོགས་རྒྱན་བརྒྱ་ཆ་༨༠ དེ་ཅིག་ ལྷོད་ཡོདཔ་ད་ འདེམས་ཁོངས་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢,༨༠༧ ཡོད་ས་ལས་ རེས་གཟའ་མིག་དམར་ཚུན་ འགྲེམ་ཐོག་ཚོགས་རྒྱན་༢,༡༩༩ ལྷོད་ཡོདཔ་ཨིན་པས།

མོང་སྒར་འདེམས་ཁོངས་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༡,༠༧༤ ཡོད་ས་ལས་ ཨམ་སྲུ་༥,༨༠༤ དང་ ཕོ་སྐྱེས་༥,༢༧༠ ཡོད་མི་ལུ་བལྟཝ་ད་ ཨམ་སྲུའི་གྱངས་ཁ་མངམ་ཨིན་པས།

འདེམས་ཁོངས་ནང་ རྒེད་འོག་༥ ནང་ལས་ ཚོགས་རྒྱན་སྐྱུར་མི་མཐོ་ཤོས་ མོང་སྒར་རྒེད་འོག་ནང་༤,༠༧༡ ཡོདཔ་ད་ དེ་གི་ཤུལ་ལས་ ཙ་ཀ་གླིང་ལུ་ ཚོགས་རྒྱན་སྐྱུར་མི་༢,༣༥༥ དང་ ཆ་གླིང་ལུ་༡,༦༩༤ དང་ རྩ་མང་དང་ འབྲས་སྤུངས་ལུ་༡,༥༡༤ དང་༡,༤༣༩ རེ་ཡོདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༢༩ ལུ་ དུས་མིན་བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྡོ་རྗེ་གཡུ་སྒྲོན་༢ ཀྱི་བར་ན་ དོ་འགྲན་འབད་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *