ས་གནས་གཞུང་གི་ཁྲི་འཛིན་དང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ཚུ་གི་ ཞལ་འཛོམས་ཐེངས་༡༠ པ་ འཚོགས་པའི་བསྒང་།

རྒཔོ་གི་གོ་གནས་ལུ་ དོ་འགྲན་འབད་ནིའི་ཤེས་ཚད་ སྔར་ག་ཨིནམ་སྦེ་ར་ བཞག་དགོ་པའི་ཞུ་བ།

༉ ས་གཞུང་གི་ཁྲི་འཛིན་དང་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ཚུ་གི་ཞལ་འཛོམས་ཐེངས་༡༠ པའི་སྐབས་ འགོ་ཁྲིདཔ་ཚུ་གིས་ རྒཔོ་གི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་ཤེས་ཚད་དེ་ སྔར་ག་ཨིནམ་སྦེ་ར་ བཞག་དགོ་པའི་ ཞུ་བ་འབད་ཡི།
དེ་ཡང་ ས་གནས་གཞུང་གི་ཁྲི་འཛིན་དང་ རྫོང་ཁག་ཚོགས་འདུའི་ཞལ་འཛོམས་ཐེངས་༡༠ པའི་ ཉིན་གྲངས་༢ པའི་ནང་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་ ས་གནས་གཞུང་གི་ བཅའ་ཁྲིམས་འཕྲི་སྣོན་འབད་ནིའི་ གསལ་ཞུ་ཕུལ་བའི་སྐབས་ ཐོན་ཡོདཔ་ཨིན།
གསལ་ཞུ་ཕུལ་མིའི་ནང་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ ས་གནས་གཞུང་གི་ བཅའ་ཁྲིམས་འཕྲི་སྣོན་འབད་ནིའི་དོན་ལུ་ གྲོས་བསྡུར་འབད་བའི་སྐབས་ དོན་ཚན་༤༠ ཐོན་ཡོད་མི་ལས་ ས་གནས་གཞུང་དང་འབྲེལ་བ་ཡོད་པའི་ དོན་ཚན་༢༠ ཡོད་པའི་གྲས་ལས་ དོན་ཚན་༣ གསལ་ཞུ་ཕུལ་ཡི།
གྲོས་བསྡུར་འབད་བའི་སྐབས་ རྒཔོ་གི་གོ་གནས་དོན་ལུ་ དོ་འགྲན་འབད་ནིའི་ ཤེས་ཚད་དེ་ སྔར་བཞིན་དུ་ བཞག་ནི་ཨིན་རུང་ ལས་ཁུངས་དང་ བཙག་འཐུ་ལྷན་ཚོགས་༢ ཀྱིས་ གྲོས་བསྟུན་འབད་དེ་ སྤུས་ཚད་ཡར་དྲག་གཏང་ནིའི་ གྲོས་ཐག་བཅད་ཡོདཔ་ཨིན་པས།
རྒཔོ་ཚུ་གིས་ ཞུ་མིའི་ནང་ གལ་སྲིད་གོ་གནས་ཀྱི་དོན་ལུ་ ཤེས་ཚད་བཟོ་བ་ཅིན་ མི་སེར་ཚུ་ལུ་ གདམ་ཁ་མེདཔ་འགྱོ་ནི་ཨིན་པའི་ཁར་ འདེམས་ངོའི་གྱངས་ཁ་ཡང་ མར་འབབ་འགྱོ་འོང་ཟེར་ཨིན་པས།
ས་གནས་གཞུང་གི་ བཅའ་ཁྲིམས་འཕྲི་སྣོན་འབད་ནིའི་དོན་ལུ་ གནས་དགུན་གྱི་ རྒྱལ་ཡོངས་ཚོགས་འདུ་སྐབས་ གྲོས་འཆར་བཙུགས་ནི་ཨིནམ་ད་ ས་གནས་གཞུང་སྐྱོང་ཁ་ཐུག་ལས་ ཁྲི་འཛིན་ཚུ་ལུ་ དགོས་སེལ་དང་ ལེགས་སྤྱོད་འབད་དགོ་པའི་ གནད་དོན་ཚུ་ གློག་རིག་ཡོངས་འབྲེལ་ཐོག་དང་ བརྒྱུད་འཕྲིན་ཐོག་ལས་ ཞུ་དགོཔ་སྦེ་ཨིན་པས།
འཕྲི་སྣོན་འབད་ནིའི་ རྒྱབ་སྣོན་ཕུལ་ནི་ཨིན་པའི་ དོན་ཚན་༡ ས་གནས་གཞུང་གི་བཅའ་ཁྲིམས་ཀྱི་ དོན་ཚན་༢༡ པའི་ག་ པ་ཨིནམ་ད་ དེ་ཡང་ འབྲུག་གི་བཙག་འཐུའི་ལན་ཚོགས་ཀྱིས་ ངོ་སྦོར་འབད་མི་ལྟར་དུ་ རང་གི་ལཱ་འགན་ཚུའི་ བྱ་སྒོ་འཐབ་ཚུགས་པའི་ འབྲི་ལྷག་ཤེས་ཡོན་ཡོད་མི་ ཡང་ན་ ཁྲོམ་དཔོན་གྱི་འདེམས་ངོའི་དོན་ལུ་ཨིན་པ་ཅིན་ སྒྲིག་མཐུན་གྱི་གཙུག་ལག་ཤེས་ཚད་ཡོད་མི་དེ་ རང་འཇགས་འབད་བཞག་ནི་ཨིན་རུང་ བཙག་འཐུ་ལྷན་ཚོགས་དང་ སྤུས་ཚད་ཡར་དྲག་གཏང་ནིའི་ གྲོས་བསྟུན་འབད་ནི་ཨིན་པས།
གནད་དོན་ཡང་ འདེམས་ངོ་ཚུ་གི་ ཤེས་ཚད་སྐོར་ལས་ གྲོས་བསྟུན་འབད་བའི་སྐབས་ལུ་ཐོན་ཡོདཔ་ད་ ད་ལྟོ་འབད་སྲོལ་ཡོད་པའི་ རིག་རྩལ་བརྟག་ཞིབ་ཀྱི་ སྤུས་ཚད་ཡར་དྲག་གཏང་དགོ་པའི་ ཚ་གྱང་བཤད་པའི་སྐབས་ལུ་ བྱུང་ཡོདཔ་ད་ དེ་ཡང་ འདེམས་ངོ་ཚུ་གིས་ གཞུང་དོན་གྱི་ལཱ་འགན་ཧ་གོ་ནི་དང་ ལན་གསལ་འབད་ཚུགས་ནིའི་དོན་ལུ་ ཨིན་པས།
དེ་བཟུམ་སྦེ་ དོན་ཚན་༤༩ པ་ཐ་ གསརཔ་བཙུགས་འབད་ནིའི་ གྲོས་འབུལ་ཨིནམ་ད་ དེ་ཡང་ སྤྱི་དོན་ལུ་ ས་ཆ་བསྡུ་སྒྲིག་གི་ལས་འཆར་དང་ འབྲེལ་བ་ཡོད་པའི་འཆར་གཞིའི་ ཐབས་རིག་གཞན་ཚུ་བརྩིས་ཏེ་ ས་གནས་ཀྱི་ ས་ཁོངས་འཆར་གཞིའི་གནང་བ་ འགྲོལ་ནི་ཟེར་ཨིན་པ།
དེ་སྦེ་ བཙུགས་དགོ་མི་དེ་ རྫོང་ཁག་ཚོགས་འདུ་དེ་ ས་གནས་ཀྱི་གྲོས་གཞི་བཟོ་མི་ མཐོ་ཤོས་ཨིནམ་བཞིན་དུ་ ས་གནས་ས་ཁོངས་ཀྱི་ གནང་བ་དང་གཞན་ཚུ་ རྫོང་ཁག་ཚོགས་འདུའི་ ལཱ་འགན་འོག་ལུ་ བཙུགས་དགོཔ་སྦེ་ཨིན་པས།
དེ་ལས་ དོན་ཚན་༥༠ པའི་ཆ་ཨིནམ་ད་ དེ་ཡང་ ད་ལྟོ་ཡོད་པའི་དོན་ཚན་ནང་ རྒྱན་རྩེད་ཀྱི་རིགས་བཀག་འཛིན་འབད་ནི་དེ་ རྒྱན་རྩེད་ཀྱི་རིགས་བཀག་འཛིན་འབད་ནི་ཨིན་རུང་ དབང་འཛིན་གྲུབ་པའི་རྒྱན་ཤོག་དེ་ རྒྱལ་འགྲན་གྱི་གྲངས་སུ་མི་ཚུད་ཟེར་བའི་ གྲོས་འཆར་ཨིན་པས།
དེ་ཡང་ རྒྱན་རྩེད་དེ་ འབྲུག་གི་ཉེས་འགལ་ཁྲིམས་དེབ་ཀྱི་ དོན་ཚན་༣༩༣ པ་དང་འཁྲིལ་ ཁྲིམས་འགལ་ཨིན་མི་ལུ་བརྟེན་ཨིན་པས།
མོང་སྒར་རྫོང་ཁག་ ན་རང་རྒཔོ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ རྒཔོ་གི་བཙག་འཐུ་དོན་ལུ་ མཐོ་རིམ་ཤེས་ཚད་དང་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་ཚུ་ བཅའ་མར་གཏོགས་ཐག་མི་ཆོད་ཟེར་ འཁོད་དེ་མེདཔ་བཞིན་དུ་ ག་ར་ བཅའ་མར་གཏོགས་དོ་ཡོདཔ་ད་ སྐྱེས་སྟོབས་རིག་རྩལ་ཡོད་མི་ཚུ་ བཙའ་འཐུ་གྲུབ་སྟེ་ ཕྱག་ཞུ་མི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བཙག་འཐུ་ལྷན་ཚོགས་ཀྱི་ འབྲི་ལྷག་བརྟག་ཞིབ་དེ་ར་ འོས་ལྡན་ཡོདཔ་ལས་ གོ་སྐབས་ལེན་ནིའི་དོན་ལུ་ སྤུས་ཚད་ཡར་དྲག་གཏང་དགོཔ་འདུག་ཟེར་ ཨིན་པས།
གལ་སྲིད་ཤེས་ཚད་ཀྱི་ གནས་ཚད་བཟོ་བ་ཅིན་ མི་སེར་ལུ་ཞབས་ཏོག་བྱིན་ནིའི་ནང་ ཐོ་ཕོག་ཉེན་ཡོད་པའི་ཁར་ མི་སེར་ཚུ་ འགོ་ཁྲིདཔ་ག་བཟུམ་དགོཔ་ཨིན་ན་ ཧ་གོ་དོ་ཡོདཔ་ལས་ ག་ར་ལུ་ གོ་སྐབས་ འདྲ་མཉམ་བྱིན་དགོ་ཟེར་ཨིན་པས།
རྒཔོ་ཅིག་གིས་ ཤེས་ཚད་བཟོ་བ་ཅིན་ ད་ལྟོ་ཡོད་པའི་རྒཔོ་ཚུ་ བློ་སྟོབས་མེདཔ་འགྱོ་ནི་ཨིན་པའི་ཁར་ མི་སེར་ཚུ་ལུ་ གདམ་ཁ་མི་འོང་ཟེར་ཨིན་པས།
ཞལ་འཛོམས་དེའི་ གྲོས་འཆར་བཀོད་པའི་སྐབས་ བུམ་ཐང་རྫོང་ཁག་ཚོགས་འདུ་གི་ ཁྲི་འཛིན་གྱིས་ ཞུ་མིའི་ནང་ ཞལ་འཛོམས་ཀྱི་དུས་ཡུན་དེ་ ཐུང་སུ་ཅིག་ཨིན་མས་ཟེར་ཨིནམ་ད་ དེ་ཡང་ གསལ་ཞུ་འབད་མི་དང་ རྒཔོ་ཚུ་ལུ་ དོགས་སེལ་འབད་ནིའི་ གོ་སྐབས་ལངམ་སྦེ་ མིན་འདུག་ཟེར་ཨིན་པས།
དུས་ཡུན་རིང་སུ་ཡོད་པ་ཅིན་ རྫོང་ཁག་རེ་ལས་ རྒཔོ་༢ དེ་རེ་ལུ་ གོ་སྐབས་འཐོབ་ཚུགས་པ་ཅིན་ ཕན་རླབས་ཆེ་ནི་ཨིན་རུང་ ད་རེས་ རྒཔོ་མང་ཤོས་ཅིག་ར་ གོ་སྐབས་མ་ཐོབ་ཟེར་ཨིན་པས།
བཀྲིས་སྒང་རྫོང་ཁག་ཚོགས་འདུ་གི་ཁྲི་འཛིན་ ཀུན་བཟང་རྡོ་རྗེ་གིས་ ཞུ་མིའི་ནང་ ཞལ་འཛོམས་དེ་ ཧེ་མ་བཟུམ་སྦེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དགོ་པའི་ཁར་ དུས་ཡུན་ཡང་ ཕར་འགྱངས་འབད་བ་ཅིན་ གནད་དོན་ཚུ་ ལེགས་ཤོམ་སྦེ་ གྲོས་བསྟུན་འབད་ཚུགས་ནི་མས་ཟེར་བའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *