སྤུ་ན་ཁ་ དཀར་སྦྱིས་རྟ་ལོག་གི་འཐུས་མི་ རྡོ་ཕུག་འབྲུག་པ།

རྐྱེན་ངན་འབྱུང་བའི་སྐབས་ དམིགས་བསལ་གྲོགས་རམ་མ་དངུལ་ བྱིན་ནིའི་ལམ་ལུགས་ བཟོ་དགོཔ་མེདཔ།

༉ འབྱུང་བ་བཞི་དང་འབྲེལ་བའི་ རང་བཞིན་གྱི་ རྐྱེན་ངན་ཚུ་ལུ་བརྟེན་ དཀའ་ངལ་འབྱུང་བའི་སྐབས་ དམིགས་བསལ་གྱི་ མ་དངུལ་གྲོགས་རམ་ བྱིན་མི་ཚུགས་ནི་ཨིནམ་ད་ དེའི་སྐོར་ལས་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ དྲི་བཀོད་ཀྱི་ལས་རིམ་སྐབས་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསལ་ཞུ་འབད་ཡི།
དངུལ་རྩིས་བློན་པོ་གིས་འབད་བ་ཅིན་ རྐྱེན་ངན་འབྱུང་བའི་སྐབས་ དམིགས་བསལ་གྱི་ མ་དངུལ་བྱིན་ནིའི་ ཐབས་ལམ་བཏོན་མི་ཚུགས་ཟེར་ཨིནམ་ད་ དེ་ཡང་ ད་རེས་མི་ཚུ་ལུ་ རང་བཞིན་དང་འབྲེལ་བའི་ དཀའ་སྡུག་རེ་ ཕོག་པའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་ཡིག་ཚང་དང་ གཞུང་གིས་ རྒྱབ་སྐྱོར་འབད་མི་དེ་གིས་ར་ བཏུབ་ཟེར་ ཞུ་ཡི།
དེའི་སྐོར་ལས་ སྤུ་ན་ཁ་ དཀར་སྦྱིས་རྟ་ལོག་གི་འཐུས་མི་ རྡོ་ཕུག་འབྲུག་པ་གིས་ དྲི་བ་ཞུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འབྱུང་བ་བཞི་ལ་སོགས་པའི་ རྐྱེན་ངན་ལུ་བརྟེན་ མི་ཚུ་ལུ་ དཀའ་སྡུག་འབྱུང་བའི་སྐབས་ ཐད་ཀར་དུ་ མ་དངུལ་གྱི་ གྲོགས་རམ་བྱིན་ནིའི་དོན་ལུ་ རྫོང་ཁག་བདག་སྐྱོང་བརྒྱུད་དེ་ མ་དངུལ་བྱིན་ཐབས་ཀྱི་ ལམ་ལུགས་ཅིག་ བཟོ་དགོཔ་འདུག་ཟེར་ ཞུ་ཡི།
དེ་ཡང་ ད་རེས་ དེ་བཟུམ་གྱི་ཐབས་ལམ་མེདཔ་ལས་ མི་ཚུ་དཀའ་སྡུག་འབྱུང་བའི་སྐབས་ དཀའ་ངལ་དེ་ ཐད་ཀར་དུ་ གདོང་ལེན་འབད་མ་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ དེ་བཟུམ་གྱི་ལམ་ལུགས་ གཞི་བཙུགས་འབད་ནི་ལུ་ གཞུང་གིས་ ཐུགས་བཞེད་གནང་དགོཔ་འདུག་ཟེར་ ཞུ་ཡི།
དངུལ་རྩིས་བློན་པོ་གིས་འབད་བ་ཅིན་ ད་ཚུན་ རང་བཞིན་གྱི་རྐྱེན་ངན་ཚུ་ལུ་བརྟེན་ མི་ཚུ་དཀའ་སྡུག་མྱོང་བའི་སྐབས་ གཞུང་གིས་ རྫོང་ཁག་བདག་སྐྱོང་བརྒྱུད་དེ་ གྲོགས་རམ་དེ་ འཆར་གཞི་མ་དངུལ་ལས་ ལས་འཛིན་སྐྱོང་འབད་ཐོག་ལས་བྱིན་དོ་ཟེར་ཨིནམ་ད་ དེ་ཡང་ མ་དངུལ་དེ་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ བགོ་བཀྲམ་འབད་དེ་ཡོད་ཟེར་ ཞུ་ཡི།
དེ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་ཡིག་ཚང་གིས་ཡང་ བྱིན་དོ་ཡོདཔ་ལས་ དེ་གིས་ མ་བཏུབ་མིན་འདུག་ཟེར་ཨིནམ་ད་ གལ་སྲིད་ དམིགས་བསལ་གྱི་ མ་དངུལ་བྱིན་ནིའི་ལམ་ལུགས་བཟོ་བ་ཅིན་ དེ་གིས་ འཆར་གཞིའི་མ་དངུལ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནི་ཨིནམ་ལས་ ལམ་ལུགས་དེ་ མ་བཟོ་བ་ཅིན་ ལེགས་ཤོམ་འོང་ཟེར་ ཞུ་ཡི།
གཞུང་གིས་ མི་སེར་ཚུ་ལུ་ ཉེན་སྐྱོབ་མ་དངུལ་དང་ མི་དམངས་བརྟན་གཞི་ཉེན་སྲུང་མ་དངུལ་ དེ་ལས་ སླར་བཟོ་མ་དངུལ་སྦེ་ དབྱེ་ཁག་གསུམ་གྱི་ཐོག་ལས་ བྱིན་མིའི་ནང་ རྐྱེན་ངན་འཛིན་སྐྱོང་ལས་སྡེ་བརྒྱུད་དེ་ བྱིན་མི་དེ་ ཉེན་སྐྱོབ་མ་དངུལ་གྱི་ དབྱེ་རིམ་ནང་ཚུད་དོ་ཡོདཔ་ད་ དངུལ་རྩིས་བློན་པོ་གིས་འབད་བ་ཅིན་ རྐྱེན་ངན་འབྱུང་བའི་སྐབས་ རྐྱེན་ངན་འཛིན་སྐྱོང་ལས་སྡེ་གིས་ མ་དངུལ་བྱིན་མི་དེ་ ཤུལ་ལས་ དངུལ་རྩིས་ལྷན་ཁག་ལས་ ལེན་ནི་ཡོད་ཟེར་ ཞུ་ཡི།
དངུལ་རྩིས་བློན་པོ་གིས་འབད་བ་ཅིན་ ད་ལྟོ་ ལམ་ལུགས་གསརཔ་ བཟོ་དགོཔ་མེད་མི་དེ་ཡང་ ད་ལྟོ་ཡོད་མི་ ལམ་ལུགས་དེ་ར་ ལག་ལེན་འཐབ་པ་ཅིན་ དྲག་ནི་མས་ཟེར་ཨིནམ་ད་ དེ་ཡང་ ལམ་ལུགས་གསརཔ་ བཟོ་བ་ཅིན་ དེ་གིས་ ཧེང་སྐལ་ར་ ད་ལྟོ་ཡོད་པའི་ ལམ་ལུགས་ལུ་ བྱ་སྟབས་མ་བདེཝ་ འཐོན་འོང་ཟེར་ ཞུ་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *