རྐྱེན་ངན་ཚུ་ལས་ ཉེན་སྐྱོབ་འབད་ནིའི་འགན་ཁུར།

༉ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་ནང་ འབྱུང་བ་བཞིའི་ རྐྱེན་ངན་དང་ ང་བཅས་རའི་ སྣང་མེད་ལུ་བརྟེན་ མིའི་ཚེ་སྲོག་ལུ་ བར་ཆད་དང་ གནོད་སྐྱོན་བྱུང་པའི་སྐོར་ འཕྲལ་འཕྲལ་ར་ ལོ་རྒྱུས་གོཝ་མས།
མ་གཞི་ འབྱུང་བ་བཞིའི་རྐྱེན་ངན་ དཔེར་ན་ ཆུ་རུད་དང་ ས་རུད་ མེའི་འཇིགས་པ་ཚུ་ལས་ རྐྱེན་ངན་འབྱུང་ནི་དེ་ ང་བཅས་ལུ་ འབད་ཐབས་གངམ་མེད་རུང་ སེམས་བག་གཡེང་དང་ སྣང་མེད་ལུ་བརྟེན་ ཤི་རྐྱེན་བྱུངམ་ད་ སེམས་ཕམ་དང་ བློ་འགྱོད་བྱུངམ་མས།
འཕྲལ་གྱི་བྱུང་རྐྱེན་ཅིག་ནང་ གནམ་བྱཱར་གྱི་ སློབ་གྲྭའི་ངལ་གསོ་མཇུག་བསྡུ་བའི་ཤུལ་ལུ་ སློབ་གྲྭ་ལོག་འགོ་བཙུགས་ཏེ་ བདུན་ཕྲག་༢ མ་ལངམ་ལས་ར་ ཐིམ་ཕུག་ཁྲོམ་སྡེའི་ སློབ་གྲྭ་ཆུང་བའི་ སློབ་རིམ་༤ པའི་སློབ་ཕྲུག་ཅིག་ ཐིམ་ཆུ་གིས་ འཕྱགས་བདའ་མི་དེ་ ཕམ་དང་སློབ་དཔོན་ཚུ་གིས་ ཚུལ་ལྡན་སྦེ་ བདག་འཛིན་མ་འཐབ་པའི་ སྐྱོན་ལུ་བརྟེན་ཨིན་པའི་ གསལ་སྟོན་འབདཝ་མས།
རྐྱེན་ངན་དེ་ སྤྱི་ཟླ་༨ པའི་ཚེས་༡༠ ལུ་ ལུག་བསྟན་ཟམ་པའི་འོག་གི་ རྩེད་ཐང་ནང་ སློབ་གྲྭ་དེ་གི་ ལོ་བསྟར་རྩེད་རིགས་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ བྱུང་ཡོདཔ་ད་ ཚེ་འདས་བུམོ་སྐྱེས་ལོ་༡༡ ལང་མི་གིས་ བང་རྒྱུག་ལས་རིམ་ཅིག་ནང་ བཅའ་མར་གཏོགས་ཏེ་ རྒྱལ་ཁ་ཡང་ ཐོབ་ཡོད་རུང་ དུས་ཡུན་སྐར་མ་༥ དེ་ཅིག་གི་རྒྱབ་ལས་ བུམོ་དེ་ ཉེ་འདབས་ཀྱི་ ཐིམ་ཆུ་གིས་ འཕྱགས་འབག་ཡོདཔ་ཨིན་མས།
སློབ་དཔོན་དང་ ཕམ་ཚུ་གིས་ གནས་ཚུལ་གོཝ་ཅིག་ དེ་འཕྲོ་ལས་ བུམོ་ཅུང་སྲོག་སྐྱབས་འབད་བར་ སོང་ཡོད་རུང་ དེ་བསྒང་ རྐྱེན་ངན་བྱུང་ཚར་ཡོདཔ་ལས་ སྲོག་སྐྱབས་འབད་ཐབས་ མ་བྱུང་པས།
འདི་བཟུམ་མའི་ རྐྱེན་ངན་དེ་ ཐིམ་ཕུག་རྐྱངམ་གཅིག་ལུ་མེན་པར་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ཡང་བྱུང་པའི་ སྙན་ཞུ་ཡོདཔ་ད་ ད་ཚུན་གྱི་བར་ན་ ཨ་ལོ་ཚུ་ གཙང་ཆུ་ནང་ རྩལ་རྐྱབ་པར་ འགྱོ་འགྱོ་བའི་སྐབས་ འཕྱག་འབག་ནི་ ཡང་ཅིན་ ཆུ་རྫིང་ཚུ་ནང་ཐིམ་ཏེ་ ཤི་རྐྱེན་བྱུང་པའི་ ལོ་རྒྱུས་ལེ་ཤ་གོ་ནི་འདུག།
འདས་པའི་བྱུང་རྐྱེན་ཚུ་ལུ་བལྟ་རུང་ རྐྱེན་ངན་མང་ཤོས་ར་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ ནོར་རྩྭ་ཟ་བར་བཏང་དོ་བཟུམ་ ཁོང་ར་ག་དགའཝ་ འབད་བཅུག་མི་ལུ་བརྟེན་ བྱུང་ཡོདཔ་ད་ ད་རེས་བཟུམ་མའི་ ཆར་ཆུའི་དུས་ཚོད་ནང་ རང་གི་ཨ་ལོ་ཚུ་ ཆ་རོགས་གཞན་ཚུ་དང་ གཙང་ཆུའི་མཐའ་མར་ བཤལ་བར་གཏང་ནི་དེ་ ག་དེ་དྲག་དྲག་ འཛེམ་ཐབས་འབད་ནི་དེ་ གལ་ཆེཝ་སྦེ་མཐོངམ་མས།
ལུང་བསྟན་ཟམ་པའི་འོག་གི་ རྐྱེན་ངན་དེ་ ཕམ་དང་སློབ་དཔོན་གཉིས་ཆ་ར་ཡོད་པའི་ ནམ་དུས་ལུ་བྱུང་ཡོདཔ་ལས་ རྣམ་རྟོག་ལང་སི་སི་ཅིག་ཨིན་རུང་ ང་བཅས་ཀྱིས་ ན་འཐན་སྦེ་ བསམ་དཔྱད་འབད་བ་ཅིན་ རྩེད་ཐང་ནང་ སྤུངས་འཛོམས་འབད་མི་ཚུ་ རྩེད་རིགས་ཚུ་ལུ་ ལྟདམོ་བལྟ་སྟེ་ སེམས་བག་གཡེང་ཤོར་བའི་སྐབས་ ཚེ་འདས་བུམོ་ཅུང་ལུ་ རྐྱེན་ངན་བྱུང་ཡོདཔ་བཟུམ་འདུག།
མ་གཞི་ སློབ་གྲྭའི་འཛིན་སྐྱོང་གིས་ ཕམ་ཚུ་ལུ་ རང་སོའི་ཨ་ལོ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་དགོ་པའི་ དྲན་བསྐུལ་འབད་ཡོད་རུང་ རྐྱེན་ངན་བྱུང་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ཨིན་མས།
སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ བདག་འཛིན་འཐབ་ནི་གི་ འགན་ཁུར་དེ་ ཕམ་དང་སློབ་དཔོན་གཉིས་ཆ་ར་ལུ་ ཕོག་མི་དེ་ཡང་ སློབ་གྲྭ་ནང་མེན་པའི་ ས་གོ་ཚུ་ནང་ ཕམ་ཚུ་ལུ་ ཕོགཔ་བཞིན་དུ་ སློབ་གྲྭའི་ས་ཁོངས་ནང་འབད་བ་ཅིན་ སློབ་དཔོན་ཚུ་གིས་ བདག་འཛིན་འཐབ་དགོཔ་ཨིན།
འདི་དང་གཅིག་ཁར་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཉེན་སྲུང་མེད་པའི་ ས་གོ་ཚུ་ནང་ ཉེན་སྐྱོབ་ཀྱི་ ཐབས་ལམ་ཚུ་ བཏོན་དགོཔ་དེ་ཁག་ཆེ། དཔེར་ན་ ལུང་བསྟན་ཟམ་པའི་འོག་ལུ་ རྩེད་ཐང་གི་ ཉེ་འབདས་ལུ་ཡོད་མི་ ཐིམ་ཆུའི་མཐའ་མར་ ཉེན་སྲུང་གི་ཐབས་ལམ་ དཔེར་ན་ ཆུ་བྱག་དང་ ལྕགས་ར་ཚུ་ བསྒོར་ཡོད་པ་ཅིན་ སློབ་ཕྲུག་བུམོ་ཅུང་ལུ་ རྐྱེན་ངན་མ་བྱུངམ་འོང་།
ད་རེས་ནངས་པར་ ཐིམ་ཕུག་ལུང་གཤོང་གི་ སློབ་གྲྭ་མང་ཤོས་ཅིག་གིས་ར་ དུས་སྟོན་དང་ རྩེད་རིགས་ཀྱི་ཉིནམ་ཚུ་ རྩེད་ཐང་དེ་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ ས་ཁོངས་དེ་ ཨ་ལོ་ཚུ་གི་དོན་ལུ་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་དགོཔ་འདུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *