རྐྱེན་ངན་གྲོགས་ཤར་སྦེ་བརྩི་དགོཔ།

༉ ཐིམ་ཕུག་འདི་ ད་རིས་ལས་ འགྲུལ་སྐྱོད་བཀག་དམ་གྱི་ ཉིན་གྲངས་༡༠ འགྱོཝ་བཞིན་དུ་ ཁ་ཙ་ཚུན་ཚོད་ ཉིན་གྲངས་༩ འི་ནང་འཁོད་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་༡༧༣ བདའ་ཟུན་མི་ལས་༡༡༦ དེ་ཅིག་ ཐིམ་ཕུག་རྐྱངམ་གཅིག་ལས་ཐོན་ནུག།

ཉིནམ་༣ གྱི་རྒྱབ་ལས་ རྒྱལ་ཡོངས་ནང་ འགྲོ་འགྲུལ་བཀག་དམ་ ལག་ལེན་འཐབ་ཡོདཔ་བཞིན་དུ་ བཀག་དམ་སྐབས་ ནད་ཡམས་དེ་ ཐིམ་ཕུག་ལས་ སྤ་རོ་དང་ ཧཱ་ སྤུ་ན་ཁ་ དེ་ལས་ དབང་འདུས་ཕྲོ་བྲང་ལས་ ཀྲོང་གསར་དང་ བུམ་ཐང་ དར་དཀར་ནང་ཚུན་ ཁྱབ་སྤེལ་སོང་ཡོདཔ་ད་ མི་ལ་ལོ་གིས་ རྫོང་ཁག་གཞན་ཚུ་ནང་ཡང་ འཕྱེལ་མ་འགྱོ་ག་ཟེར་ དྲི་བ་ཚུ་ཡང་ བཀོདཔ་ཨིན་མས།

མ་གཞི་ ནད་ཡམས་ཐོབ་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དེ་གིས་ ང་བཅས་ལུ་ ཚ་གྱང་ལང་དགོཔ་ བྱུངམ་ཨིན་རུང་ ད་རེས་ འཛམ་གླིང་རྒྱལ་ཁབ་ག་ར་ ནད་ཡམས་ཀྱི་ གནས་སྟངས་ཐོག་ལུ་ སྡོད་ཡོདཔ་ལས་ སྤྱགས་སྡུག་འཐབ་ནི་དང་ རྣམ་རྟོག་ལང་དགོཔ་ཅིག་ཡང་ མི་མཐོངམ་མས།

ག་འཆརཔ་ཟེར་བ་ཅིན་ འབྲུག་རྒྱལ་ཁབ་ནང་ཡང་ དུས་ཚོད་ཀྱི་ ཁྱད་པར་མ་གཏོགས་ ནམ་ཅིག་གི་ཚེ་ མི་སྡེའི་ནང་ལས་ ནད་ཡམས་ཐོབ་མི་ འཐོན་ར་འཐོན་འོང་ཟེར་ ཚོད་དཔག་ཐོག་ སྡོད་ཡོད་མི་ལུ་བརྟེན་ཨིན།

ད་ཚུན་གྱི་བར་ན་ མི་སྡེ་ནང་ ནད་འབུབ་ཀོ་རོ་ན་བའེ་རཱསི་ ཁྱབ་སྤེལ་མ་འགྱོ་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་ཁྲིད་ཐོག་ལུ་ གཞུང་གིས་ ཀོ་བིཌ་-༡༩ སྔོན་འགོག་དང་ མི་སྡེ་ནང་ཁྱབ་སྤེལ་མེདཔ་ བཞག་ཐབས་ལུ་ ཐབས་ལམ་སྣ་ཚོགས་བཏོན་ཏེ་ ཕྱག་ལཱ་གནང་དུ་ཡོད་ནི་དེ་གིས་ཨིན།

ད་རེས་ འགྲུལ་སྐྱོག་བཀག་དམ་ཐེངས་༢ པ་ བསྟར་སྤྱོད་མ་འབད་བ་ཅིན་ ཀོ་རོ་ན་བའེ་རཱསི་དེ་ ཐིམ་ཕུག་ལས་ རྫོང་ཁག་གཞན་༡༩ ནང་ སྤེལ་དཔ་འོང་། ནད་ཡམས་དེ་ རྫོང་ཁག་དག་པ་ཅིག་ནང་མ་གཏོགས་ མང་ཤོས་ཅིག་ནང་ འཕྱེལ་མ་འགྱོ་བར་ ཚད་འཛིན་འབད་ཚུགས་མི་དེ་ཡང་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་ཅིག་ལུ་བརྟེན་ཨིན།

ཨམ་སྲུ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ ཀོ་བིཌ་-༡༩ ཐོབ་སྟེ་ཡོདཔ་ བདའ་ཟུན་མི་དང་བསྟུན་ ཐིམ་ཕུག་ཁྲོམ་སྡེ་དང་ མཐའ་སྐོར་གྱི་ ས་ཁོངས་ཚུ་ནང་ འགྲུལ་སྐྱོད་བཀག་དམ་འབད་བའི་ཤུལ་ལུ་ མོ་དང་འབྲེལ་བ་ཡོད་མི་ཚུ་ འཚོལ་ཞིབ་འབད་དེ་ ནད་རྟགས་ཡོད་མེད་ཀྱི་ བརྟག་ཞིབ་དང་ ཕྱིར་སེལ་འབད་ཚུགསནུག།

ཨིན་རུང་ ད་རེས་ནངས་པར་ མི་ལ་ལོ་གིས་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་ལུ་ ནད་ཡམས་ཁྱབ་སྤེལ་འབད་མི་ཨིནམ་སྦེ་ ཁ་བཏང་མི་དེ་ སེམས་ཕམ་སི་སི་ཅིག་ཨིན་མས།

ང་བཅས་ཀྱིས་ ཨམ་སྲུ་དེ་ལུ་ བརྙས་བཅོས་འབད་ནི་མེན་པར་ དགའ་ཚོར་དང་ བཀྲིན་བསམ་དགོ་མི་དེ་ཡང་ མོ་ལུ་ ནད་ཡམས་ཡོདཔ་ བདའ་མ་ཟུན་པ་ཅིན་ འགྲུལ་སྐྱོག་བཀག་དམ་མ་འབད་བར་ འོང་ནི་དང་ དེམ་ཅིག་གི་བར་ན་ མི་སྡེ་ནང་ ཀོ་བིཌ་ཁྱབ་ཆེ་དྲགས་སྦེ་ འཕྱེལ་འགྱོ་ཐོག་ལས་ དམ་འཛིན་འབད་མ་ཚུགས་པའི་ གནས་སྟངས་ཅིག་ནང་ ལྷོད་ལྷོདཔ་འོང་།

ཨམ་སྲུ་དེ་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་ཐེངས་༢ པ་འབད་བའི་ ནམ་དུས་ལུ་ མི་བརྒྱ་དང་སྟོང་ལུ་ ནད་ཡམས་ལས་ ཉེན་སྐྱོབ་འབད་ཚུགས་ཏེ་ཡོདཔ་ཨིན།

གཞུང་གིས་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ རྒྱལ་ཡོངས་ནང འགྲུལ་སྐྱོད་བཀག་དམ་འགོ་དང་པ་ འབད་བའི་སྐབས་ལུ་ཡང་ མི་ཚུ་གིས་ དགེ་ལེགས་ཕུག་ལས་ ཨམ་སྲུ་སྐྱེས་ལོ་༢༧ ལང་མི་ལུ་ ཀོ་བིཌ་-༡༩ ཐོབ་སྟེ་ཡོད་པའི་ གྲུབ་འབྲས་ཐོན་པའི་ཤུལ་ལས་ མོ་ལུ་ཡང་ ཁ་བཏང་ཡོདཔ་ད་ དེ་བསྒང་ཡང་ ཨམ་སྲུ་དེ་ལུ་བརྟེན་ མི་སྡེ་ནང་ ནད་ཡམས་འཕྱེལ་འགྱོ་མ་བཅུག་པར་ གདོང་ལེན་འབད་ནི་ལུ་ ལྷན་ཐབས་སྦོམ་བྱུང་ཡི།

ང་བཅས་ཀྱིས་ འགྲུལ་སྐྱོག་བཀག་དམ་ ཐེངས་དང་པ་དང་༢ པ་ལུ་ ལེགས་ཤོམ་སྦེ་ བསམ་ཞིབ་འབད་དེ་ བལྟ་བ་ཅིན་ རྒྱལ་བློན་འབངས་གསུམ་ལུ་ བསོད་ནམས་དང་ ཁ་རྗེ་སྦོམ་ཡོད་པའི་ རྟགས་མཚན་བྱུང་མི་དེ་ཡང་ རྐྱེན་ངན་གྲོགས་སུ་འཆར་བར་ བྱིན་གྱིས་རློབས་ཟེར་དོ་བཟུམ་ ཨམ་སྲུ་༢ ལུ་ ནད་ཡམས་ཐོབ་མི་ལུ་བརྟེན་ ད་རེས་ ནད་ཡམས་ལུ་ གདོང་ལེན་སྒྲིང་སྒྲི་དང་ མི་སྡེ་ནང་ ལྷག་པར་དུ་ ཁྱབ་སྤེལ་འགྱོ་ནི་ལས་ ཚད་འཛིན་འབད་ཚུགས་ཏེ་ཡོདཔ་ཨིན།

འདི་འབདཝ་ལས་ ང་བཅས་ཀྱིས་ རོགས་ལུ་ཁ་གཏང་ནི་མེན་པར་ རྐྱེན་ངན་གྲོགས་ཤར་སྦེ་ བརྩི་འཇོག་ཐོག་ དགའ་ཚོར་བསྐྱེད་དགོ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *