རྐྱང་གནས་ཟུར་བཞག་ནང་ ནད་ཡམས་ཀོ་བིཌ་-༡༩ ཡོད་མི་༡༠༠ ལྷག་ཡོདཔ།

༉ འབྲུག་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཚུ་དྲག་སྟེ་ རྐྱང་གནས་ཟུར་བཞག་ནང་ ནདཔ་ཕུད་རྡོག་གཅིག་ཡང་མེད་པར་ ཀླད་ཀོར་ནང་ལྷོད་དེ་ ཉིན་གྲངས་༣༥ གི་ཤུལ་ལས་ ཁ་ཙ་འབད་བའི་བསྒང་ལས་ ནད་འབུབ་ཡོད་མི་༡༠༠ ལྷག་ཡོདཔ་མ་ཚད་ སྤྱི་ལོ་༢༠༢༠ ཟླ་༣ པའི་ཚེས་༥ ལས་ཚུར་ ནད་འབུབ་ཐོབ་མིའི་གྱངས་ཁ་༡,༠༠༠ ལུ་ ལྷོད་ནིའི་དོན་ལས་ གྱངས་ཁ་༡༤ རྐྱངམ་གཅིག་གིས་ མ་ལང་པས།

འདས་པའི་ཆུ་ཚོད་༢༤ གི་ ནང་འཁོད་ལུ་ སྐྱེས་ལོ་༡༧ ལས་༥༢ ཀྱི་བར་ན་འབད་མི་ ཕོ་སྐྱེས་༡༤ དང་ ཨམ་སྲུ་༦ འབདཝ་ད་ མི་༢༠ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་པའི་ ངོས་བཟུང་འབད་ཡོདཔ་ཨིན་པས།

ནད་འབུབ་ཐོབ་མི་ཚུ་ཡང་ འབྲུག་མི་༡༣ དང་ ཕྱི་མི་༧ ཨིནམ་ད་ དེ་ཚུ་གི་གྲས་ལས་༡༤ དེ་ ཕུན་ཚོགས་གླིང་དང་ སྤ་རོ་ ཐིམ་ཕུག་ལུ་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཚུ་ནང་ བཞག་མི་ལས་ བདའ་ཟུན་པའི་ཁར་ ནདཔ་༦ དེ་ ཧེ་མར་ ཕུན་ཚོགས་གླིང་ལུ་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་ཚུ་ཨིན་པས།

མ་གཞི་ ནད་འབུབ་ཐོབ་མི་ཚུ་ ཟུར་བཞག་ཚུ་ནང་ བདའ་ཟུན་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ཐོབ་མི་ཚུ་ ངོས་བཟུང་འབད་མིའི་གྱངས་ཁ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།

ཁ་ཙ་ གསོ་བ་ལྷན་ཁག་གིས་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཐིམ་ཕུག་ལུ་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་༢༦ ལུ་ ནད་ཡམས་ཀྱི་ བརྟག་དཔྱད་འབདཝ་ད་ ག་ར་ལུ་ ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་ཡོད་པའི་སྐོར་ གསལ་བསྒྲགས་འབདཝ་ད་ ཚ་གྱང་ལང་སྟེ་སྡོད་མི་ མི་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ བློ་བདེ་བའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ད་ འབྲེལ་བ་འཐབ་མི་ཚུ་ ཐིམ་ཕུག་གིས་མ་དོ་བར་ སྤ་རོ་ལས་ཡང་ བདའ་ཟུན་ཡོདཔ་ཨིན་པས།

གསོ་བ་ལྷན་ཁག་གིས་ འབྲེལ་བ་འཐབ་མི་ཚུ་ལུ་ ནད་རྟགས་མ་ཐོན་རུང་ ནད་འབུབ་ཐོབ་ཡོད་པའི་ དོགས་པ་ལུ་བརྟེན་ གསོ་བའི་མཁས་མཆོག་ཚུ་གིས་ ཉེན་ཁ་མིན་འདུན་ཟེར་ ངོ་སྦྱོར་མ་འབད་ཚུན་ཚོད་ ཁོང་ག་ར་ ཉིནམ་དག་པ་ཅིག་གི་རིང་ ཟུར་བཞག་ནི་སྦེ་ ཐག་བཅད་ཡོདཔ་ད་ དེ་སྦེ་ ཟུར་བཞག་དགོ་མི་དེ་ཡང་ ཧེ་མ་ མི་དག་པ་ཅིག་ལུ་ བརྟག་དཔྱད་འབད་བའི་ ནད་རྟགས་མེདཔ་ཐོན་ཡོད་རུང་ ཉིནམ་དག་པ་ཅིག་གི་ཤུལ་ལས་ ནད་འབུབ་ཡོད་པའི་ གྲུབ་འབྲས་ཐོན་ནི་དེ་གིས་ཨིན་པས།

ཨིན་རུང་ ཟུར་བཞག་མཐུན་རྐྱེན་ཚུ་གིས་ ཀོ་བིཌ་-༡༩ འི་ནད་འབུབ་ལས་ སྔོན་འགོག་དང་ ཉེན་སྐྱོབ་ཧྲིལ་བུ་འབད་ཚུགས་པའི་ ཁས་ལེན་མེདཔ་ལས་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ འགོ་ཐོག་སྐབས་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ ཟུར་བཞག་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ ནད་འབུབ་ཐོབ་སའི་ ས་གོ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

ནད་ཡམས་ཀྱི་ གདོང་ལེན་ལུ་ གསོ་བའི་སྒྲིག་གཞི་ཚུ་ དམ་དམ་སྦེ་ཡོད་རུང་ དེ་ཚུ་ལུ་ མ་གནས་པའི་ དཀའ་ངལ་ཐོན་དོ་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ནད་རྟགས་ཡོད་པའི་ གྲུབ་འབྲས་ཐོན་མི་ ཐབ་ཚངཔ་དེ་གིས་ ཟུར་བཞག་མཐུན་རྐྱེན་གྱི་ཕྱི་ཁར་ ཚར་ལེ་ཤ་ཐོན་སོང་ཡོད་རུང་ དེ་གི་སྐོར་ལས་ ག་གིས་ཡང་ མ་ཤེས་པས།

གཞུང་གི་ཆེ་མཐོའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ནད་ཡམས་ཐོན་ཏེ་ ལོ་ལྷག་སོང་ཡོདཔ་ལས་ མི་ཚུ་ལུ་ སྣང་དག་མེདཔ་བཟུམ་སྦེ་ མཐོང་གསལ་བྱུངམ་ཨིན་རུང་ ད་རིས་ཀྱི་ གནས་སྟངས་དང་ ལྷག་པར་དུ་ རྒྱ་གར་ལུ་ ནད་ཡམས་ཁྱབ་སྤེལ་ཆེ་དྲགས་ སོང་ཡོདཔ་ལས་ དྲནམ་བཏོན་དགོཔ་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱ་གར་བཟུམ་མའི་ རྒྱལ་ཁབ་ནང་ ནད་ཡམས་གོ་རིམ་༢ པ་ཐོན་མི་ལུ་ གདོང་ལེན་བྱུང་སྟེ་ཡོད་པའི་ ནམ་དུས་ལུ་ རྒྱ་གར་གྱི་འབྱེམ་ཆུང་ཀུ་ཅིག་ འབྲུག་ལུ་ ཕོག་པ་ཅིན་ ད་ཚུན་གྱི་བར་ན་ གཞི་བཙུགས་འབད་མི་ སྔོན་འགོག་གི་ ཐབས་ལམ་དང་ བརྩོན་ཤུགས་ཆ་མཉམ་ ཁུངས་མེད་བཟོ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།

ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ དྲུང་འཚོ་ཅིག་གིས་ སླབ་མིའི་ནང་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ ཀོ་བིཌ་-༡༩ འི་གོ་རིམ་གཉིས་པ་ཐོནམ་ད་ རྒྱལ་ཁབ་ཀྱི་ གསོ་བའི་ལམ་ལུགས་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།

ང་བཅས་ནཱ་ལུ་ ཉིན་བསྟར་བཞིན་དུ་ ནད་འབུབ་ཐོབ་མི་༥༠ ལས་༡༠༠ གི་བར་ན་ འཐོན་པ་ཅིན་ གསོ་བའི་མཐུན་རྐྱེན་གྱིས་ གནས་སྟངས་དེ་ འཛིན་སྐྱོང་འཐབ་མི་ཚུགས་ནི་ཨིནམ་ལས་ མི་ཚུ་ལུ་ ཤི་རྐྱེན་འབྱུང་འོང་ཟེར་ དྲུང་འཚོ་དེ་གིས་ བཤདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༢༠ ལུ་ འགྲོ་འགྲུལ་བཀག་དམ་འབད་ནི་ཨིན་པའི་ འུར་བྱེལ་ལང་པའི་ཤུལ་ལུ་ ཁ་ཙ་དྲོ་པར་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་ཚུ་ལུ་ ནད་རྟགས་མེད་པའི་ གནས་ཚུལ་ཐོནམ་ད་ ལོག་སྟེ་ར་ ཨ་རྟག་གི་ གནས་སྟངས་ནང་ ལྷོད་ཡོདཔ་ལས་ མི་ཚུ་ ཁྲོམ་ཁ་ལས་ཕར་ སྡེ་ཚན་སྦེ་ སྤྲོ་འཁྱམས་སྡོད་སར་དང་ ལ་ལོ་གིས་ ཁ་རས་ལག་ལེན་མ་འཐབ་པར་འགྱོ་སར་མཐོང་ནུག།

གཞུང་གིས་ འགྲོ་འགྲུལ་ཚད་འཛིན་འབད་ནིའི་ དུས་ཚོད་རན་པའི་ཁར་ མི་སྡེ་ཚན་སྦེ་ འགྱོ་བ་ཅིན་ དྲི་བཀོད་འབད་དགོཔ་འདུག་ཟེར་ ལས་འཚིན་གྱི་ ལས་བྱེདཔ་ཅིག་གིས་ བཤདཔ་ཨིན་པས།

དེ་ལས་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྒྱ་གར་ནིའུ་ལྡི་ལི་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ནང་ ལཱ་འབད་མི་ འབྲུགཔ་༡༠ ལྷགཔ་ཅིག་ལུ་ ནད་ཡམས་ཐོབ་སྟེ་ཡོད་པའི་ ངོས་བཟུང་ཡོདཔ་ད་ གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཉིནམ་དག་པ་ཅིག་གི་ཧེ་མར་ ནད་འབུབ་ཐོབ་མི་ གཞུང་ཚབ་ལས་ཁང་གི་ འཕྱགམ་འཕྱག་མི་ཅིག་ལས་སྦེ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ དོགས་པ་འདུག་ཟེར་ཨིན་པས།

ད་ལྟོ་ ནད་འབུབ་ཐོབ་མི་ག་ར་ ནད་རྟགས་གངམ་སྟོན་ནི་མེདཔ་ལས་ རང་སོའི་ཁྱིམ་ནང་ ཟུར་སྡོད་ཡོདཔ་ད་ ཕྱི་འབྲེལ་ལྷན་ཁག་གིས་ གནས་སྟངས་དེ་གི་སྐོར་ལས་ གཞུང་འབྲེལ་དུ་ སྙན་ཞུ་ལྷོད་ནི་ལུ་ སྒུག་སྟེ་ཡོད་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *