༉ སྤྱི་ཟླ་༨ པའི་ཚེས་༥ ལུ་ པདྨ་དགའ་ཚལ་ངང་ལམ་ལུ་སྦེ་ འགོ་འདྲེན་འཐབ་མི་ གནམ་བྱཱར་གྱི་ ཕུཌ་བཱོལ་འགྲན་བསྡུར་ ཐེངས་༢ པའི་ནང་ ལུང་དབང་ནོར་འཕེལ་སྐྱེལ་འདྲེན་དང་ ཀོ་ལོ་ནི་ཨེཕ་སི་༢ ཀྱི་བར་ན་ མཐའ་བཅད་འགྲན་བསྡུར་གྱི་ རྩེད་འགྲན་འབད་བའི་སྐབས་ ཀོ་ལོ་ནི་ ཨེཕ་སི་གིས་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
རྩེད་འགྲན་དེ་ སྤྱི་ཟླ་༧ པའི་ཚེས་༩ ལས་ སྤྱི་ཟླ་༨ པའི་ཚུན་༥ ཚུན་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༩ དེ་ཅིག་ལུ་ ཀོ་ལོ་ནི་ཨེཕ་སི་གིས་ གཱོལ་བཙུགས་ནིའི་ དཔའ་བཅམ་ཡོད་རུང་ བཙུགས་མ་ཚུགསཔ་ད་ ལུང་དབང་ནོར་འཕེལ་སྐྱེལ་འདྲེན་སྡེ་ཚན་ཡང་ ཤུགས་ལང་སྟེ་ དོ་འགྲན་འབད་བའི་བར་ན་ ཀོ་ལོ་ནི་ཨེཕ་སི་གི་ རྩེད་འགྲན་པ་ འཇམ་དབྱངས་ཀྱིས་ གཱོལ་བཙུགས་ཅི།
ད་རུང་ འཇམ་དབྱངས་ཀྱིས་ གཱོལ་བཙུགས་ནིའི་ དཔའ་བཅམ་རུང་ བཙུགས་མ་ཚུགས་མི་ལུ་བརྟེན་ སྡེ་ཚན་གཞན་མིའི་ རྩེད་འགྲན་པ་ཚུ་གིས་ འཇམ་དབྱངས་ལུ་ དོ་འགྲན་འབད་དེ་ གཱོལ་ཚར་ལེ་ཤ་བཙུགས་ནིའི་ དཔའ་བཅམ་ཡོད་རུང་ བཙུགས་མ་ཚུགསཔ་ལས་ སྐོར་ཐེངས་དང་པའི་ དུས་ཚོད་རྫོགས་སོ་ཡི།
དེ་ལས་ སྐོར་ཐེངས་༢ པ་དེ་ འགོ་བཙུགས་ཏེ་ ལུང་དབང་ནོར་འཕེལ་སྐྱེལ་འདྲེན་གྱི་ རྩེད་འགྲན་པ་ཚུ་གིས་ རྩ་འགེངས་རྩེད་མི་ལུ་བརྟེན་ དུས་ཡུན་སྐར་མ་༩ འི་ནང་འཁོད་ནང་ ཀོ་ལོ་ནི་ཨེཕ་སི་ལུ་ གཱོལ་བཙུགས་ཡོདཔ་ལས་ སྡེ་ཚན་གཞན་མི་ལུ་ དོ་འགྲན་ལཱ་ཁག་ཅིག་ལུ་ བཟོ་ཡོད་རུང་ ཀོ་ལོ་ནི་ཨེཕ་སིའི་ རྩེད་འགྲན་པ་ཅིག་ གིས་ གཱོལ་བཙུགས་ཅི།
ལུང་དབང་ནོར་འཕེལ་སྐྱེལ་འདྲེན་གྱིས་ ག་དེམ་ཅིག་ རྩ་འགེངས་རྩེད་རུང་ འཇམ་དབྱངས་ཀྱིས་ གཱོལ་ཚར་ལེ་ཤ་བཙུགས་ནིའི་ དཔའ་བཅམ་མི་ལུ་བརྟེན་ ཚུར་འཐེན་བཏང་ནི་དེ་གིས་ པེ་ནཱལ་ཊི་ཐོབ་སྟེ་ ད་རུང་ གཱོལ་བཙུགས་ཡོདཔ་མ་ཚད་ སྐྱེལ་འདྲེན་སྡེ་ཚན་གྱིས་ གོ་ལི་ལུ་ བཱོལ་བྱིན་པའི་སྐབས་ བཟུང་ནི་འབདཝ་ད་ སྟབས་མ་བདེཝ་ལས་ ཀོ་ལོ་ནི་ཨེཕ་སི་གིས་ གཱོལ་བཙུགས་བཏངམ་ལས་ བསྡོམས་གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
དེ་བཟུམ་སྦེ་ དུས་ཅི་ འགོ་དང་པ་ ཨམ་སྲུ་ཚུ་གི་དོན་ལུ་ཡང་ འགྲན་བསྡུར་འགོ་འདྲེན་འཐབ་ཡོདཔ་ད་ ཕ་ཀྲོང་ཡུ་ནའི་ཊིཌ་དང་ ཨོལཌ་ཕེ་རེནཌ་ཡུ་ནའི་ཊེཌ་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ དུས་ཡུན་སྐར་མ་༡༥ ལུ་ ཨོལཌ་ཕེ་རེནཌ་ཡུ་ནའི་ཊེཌ་གིས་ གཱོལ་བཙུགས་༡ བཙུགས་ཅི།
སྡེན་ཚན་གཞན་མི་གིས་ཡང་ དོ་འགྲན་འདྲན་འདྲ་སྦེ་ར་འབདཝ་ལས་ སྡེ་ཚན་༢ ཀྱི་བར་ན་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ རྩེད་འགྲན་འབད་མི་ལུ་བརྟེན་ ལྟདམོ་བལྟ་མི་ཚུ་ཡང་ སྤྲོ་བ་བྱུང་ཡོདཔ་བཞིན་དུ་ ཨོལཌ་ཕེ་རེནཌ་ ཡུ་ནའི་ཊེཌ་གིས་ གཱོལ་༡ དང་ གཞན་མི་སྡེ་ཚན་གྱིས་ གཱོལ་བཙུགས་མ་ཚུགསཔ་ལས་ སྐོར་ཐེངས་དང་པ་དེ་ མཇུག་བསྡུ་ཡི།
དེ་ལས་ སྐོར་ཐེངས་༢ པ་དེ་ཡང་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ རྩེད་འགྲན་འབད་ཡོདཔ་ལས་ སྡེ་ཚན་༢ ཆ་ར་གིས་ གཱོལ་༡ ཡང་ བཙུགས་མ་ཚུགས་པར་ མཇུག་བསྡུ་ཡོདཔ་ལས་ དུས་ཚོད་ཐེབས་སྐར་མ་༡༤ བྱིན་རུང་ གཱོལ་མ་ཚུགསཔ་ལས་ པེ་ནཱལ་ཊི་རྐྱབ་དགོཔ་ ཐོན་ཡི།
སྡེ་ཚན་༢ ཆ་ར་ལས་ རྩེད་འགྲན་པ་༥ རེ་བཏོན་ཏེ་ པེ་ནཱལ་ཊི་རྐྱབ་པའི་སྐབས་ ཨོལཌ་ཕེ་རེནཌ་ ཡུ་ནའི་ཊེཌ་གིས་ གཱོལ་༤ བཙུགས་རུང་ གཞན་མི་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ ཨོལཌ་ཕེ་རེནཌ་ཡུ་ནའི་ཊེཌ་གིས་ བསྡོམས་གཱོལ་༥ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
བུཚ་གི་སྡེ་ཚན་ལས་ ཨང་དང་པ་ཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་༣༠,༠༠༠ དང་༢ པ་ལུ་ དངུལ་ཀྲམ་༢༠,༠༠༠ དེ་ལས་ བུམོ་གི་སྡེ་ཚན་ལས་ ཨང་དང་པ་ཐོན་མི་ལུ་ དངུལ་ཀྲམ་༡༠,༥༠༠ དང་༢ པ་ཐོན་མི་ལུ་ དངུལ་ཀྲམ་༨,༥༠༠ ཐོབ་ཡོདཔ་བཞིན་དུ་ རྩེད་འགྲན་པ་ག་ར་ལུ་ གསོལ་རས་དཀར་མེ་ ཀོངམ་རེ་བྱིན་ཡི།
འགོ་འདྲེན་པ་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ རྩེད་འགྲན་དེ་ནང་ བཅའ་མར་གཏོགས་མི་ བུཚ་སྡེ་ཚན་༡༡ དང་ བུམོ་སྡེ་ཚན་༦ ཐོན་ཡོད་རུང་ བུམོ་སྡེ་ཚན་༢ དུམ་གྲ་ཅིག་ སྟབས་མ་བདེཝ་ ཐོན་མི་ལུ་བརྟེན་ རྩེད་འགྲན་གྱི་བར་ན་ལས་ བཀོག་བཞག་སོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བུམོ་ཚུ་གི་དོན་ལུ་ འཛུལ་འཐུས་དངུལ་ཀྲམ་༦,༠༠༠ དང་ བུཚ་ཚུ་ལས་ དངུལ་ཀྲམ་༡༡,༡༡༡ ཨིནམ་ད་ བུཚ་ཚུ་ལས་ དངུལ་ཀྲམ་༡༡,༡༡༡ ལེན་མི་ དངུལ་ཀྲམ་གཅིག་ལོར་དེ་ འབྲུག་མཁལ་རྡོག་གཞི་ཚོགས་ལུ་ ཞལ་འདེབས་སྦེ་ བྱིན་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨམ་སྲུའི་དོན་ལུ་ རྩེད་འགྲན་འགོ་དང་པ་ འགོ་འདྲེན་འཐབ་མི་དེ་ རྩེད་འགྲན་ཚུ་ནང་ ཨམ་སྲུ་ཚུ་ལུ་ཡང་ གོ་སྐབས་བཟོ་ཐབས་ལུ་ཨིན་རུང་ ཁོང་གིས་ རྩེད་འགྲན་ནང་ འབད་མི་ཚུགས་ནི་མས་ཟེར་ཨིནམ་ད་ ཤུལ་ལས་ སྤྲོ་བའི་ཐོག་ལས་ བཅའ་མར་གཏོགས་མི་ འཐོན་པ་ཅིན་ གོ་སྐབས་བྱིན་ནི་ཨིནམ་བཞིན་དུ་ ལམ་ལུགས་དང་ འཛུལ་འཐུས་ཚུ་ཡང་ བུཚ་བཟུམ་སྦེ་ར་ བཟོ་ནི་ཨིན་པའི་གནས་ཚུལ།
ངང་ལམ་ལས་ སྐལ་བཟང་དབང་ཕྱུག།