རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་ནང་ གོམས་འདྲིས་ལྟ་སྐོར།

༉ ཁ་ཙ་ ས་མཚམས་ཕྱི་ཁའི་འགོ་དཔོན་དང་ འཐུས་མི་༨༠ དེ་ཅིག་གིས་ ཕུན་ཚོགས་གླིང་ལུ་ རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་གསརཔ་ བཟོ་སྐྲུན་འབད་མིའི་ནང་ གོམས་འདྲིས་ལྟ་སྐོར་འབད་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༣ ལས་ རྒྱལ་སྤྱིའི་ས་མཚམས་སྒོ་ར་ སྒོ་ཕྱེ་ནི་ཨིནམ་ལས་ འབྲུག་གི་དབང་འཛིན་ཚུ་གིས་ ཞུ་བ་འབདཝ་བཞིན་དུ་ འགོ་དཔོན་ཚུ་གིས་ གོམས་འདྲིས་ལྟ་སྐོར་ནང་ འོང་ཡོདཔ་ཨིན་པས།

རྒྱ་གར་གྱི་ ཁྲིམས་སྲུང་འགག་སྡེའི་ ཨེསི་ཨེསི་ཡོངས་ཁྱབ་ཞིབ་དཔྱོདཔ་འོགམ་དང་ ཇའི་སྒང་གི་ ཅ་དམ་འགོ་དཔོན་ཞིབ་རོགསཔ་ ཨ་ལི་པུར་མངའ་སྡེའི་གཙོ་འཛིན་ ཇའི་སྒང་གོང་འཕེལ་དབང་འཛིན་གྱི་ཁྲི་འཛིན་ དེ་ལས་ ཚོང་འབྲེལ་ཚོགས་སྡེའི་འཐུས་མི་ཚུ་ འོང་ཡོདཔ་ཨིན་པས།

དེ་མ་ཚད་ ཕུན་ཚོགས་གླིང་དང་ ས་མཚམས་ཕྱི་ཁའི་ རྒྱ་འབྲུག་མཐུན་འབྲེལ་ཚོགས་སྡེའི་ འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་རིམ་དེ་ ས་མཚམས་ཕྱི་ཁའི་མི་ཚུ་ལུ་ གོམས་འདྲིས་ལྟ་སྐོར་དང་ གོ་བ་བརྡ་སྤྲོད་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འགོ་དཔོན་ཚུ་གིས་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ཀྱི་ བྱ་སྒོའི་ལམ་ལུགས་ཚུ་ ཤེས་རྟོགས་འབྱུང་ནི་ཨིནམ་བཞིན་དུ་ ཁོང་གིས་ ས་མཚམས་ཕྱི་ཁའི་མི་ཚུ་ལུ་ གནད་དོན་དེའི་སྐོར་ལས་ བརྡ་དོན་སྤྲོད་ལེན་ འབད་འོང་ཟེར་ཨིན་པས།

ཕུན་ཚོགས་གླིང་གི་ འཛུལ་སྒོ་དེ་ སྤྱི་ལོ་༢༠༢༠ ཟླ་༣ པའི་ཚེས་༢༣ ལུ་ སྒོ་བསྡམས་པའི་ཤུལ་ལས་ དེ་རེས་འབདཝ་ད་ ཟླཝ་༣༠ དེ་ཅིག་ ལང་དོ་ཡོདཔ་ད་ ལྟ་སྐོར་ནང་ འོང་མི་ཚུ་གིས་ཡང་ ངོས་ལེན་ལེགས་ཤོམ་ འབད་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གི་གྲས་ལས་ བི་ནེ་ ན་ཧ་ཏ་གིས་ ལོ་ཕྱེད་དང་༣ གྱི་རྒྱབ་ལས་ ཕུན་ཚོགས་གླིང་ལུ་ འཛུལ་བཞུགས་འབད་ཚུགས་མི་ལུ་ སེམས་དགའ་སྟེ་ཡོདཔ་ད་ ད་རེས་ ཕུན་ཚོགས་གླིང་གི་ ཆ་རོགས་དང་ ཁྱིམ་ཚང་ཚུ་དང་ ཕྱད་ཚུགས་མི་ལུ་ སེམས་དགའ་ཡོདཔ་བཞིན་དུ་ ས་མཚམས་ཁྲོམ་ཚོགས་ཀྱི་ བཟའ་བཤེས་མཐུན་ལམ་ཚུ་ ཧེ་མ་བཟུམ་སྦེ་ གནས་ཚུགས་པའི་ རེ་བ་བསྐྱེད་དེ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཐོན་འཛུལ་ས་ཁོངས་དེ་ རྒྱལ་སྤྱིའི་གནས་ཚད་དང་ལྡནམ་སྦེ་ཡོདཔ་ལས་ དེ་བཟུམ་མའི་ མཐུན་རྐྱེན་དེ་ གནམ་གྲུ་ཐང་ནང་རྐྱངམ་གཅིག་ མཐོང་གསལ་བྱུངམ་ཨིན་ཟེར་ཨིནམ་ད་ ས་ཁོངས་ནང་ མཐུན་རྐྱེན་ཚུ་ག་ར་ ཚངམ་སྦེ་ཡོད་མི་ལུ་བལྟ་བ་ཅིན་ འབྲུག་གཞུང་གིས་ ལྟ་བཤལཔ་དང་ ཕྱི་མི་ཚུ་ བསུ་བ་འབད་ནིའི་དོན་ལས་ མ་རྩ་གཞི་བཙུགས་ མང་སུ་འབད་དོ་བཟུམ་ཅིག་ འདུག་ཟེར་ཨིན་པས།

འབྲུག་གཞུང་གིས་ ལྟ་བཤལཔ་ཚུ་ བསུ་བ་འབད་ནི་ལུ་ གྲ་སྒྲིག་འགྱོ་དོ་བཟུམ་ཅིག་ཡོདཔ་ད་ རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་དང་ འཛུལ་སྒོ་ཕྱེས་མི་དེ་གིས་ ཕུན་ཚོགས་གླིང་དང་ ཇའི་སྒང་ལུ་ སྡོད་མི་ཚུ་ལུ་ར་ ཁེ་ཕན་འབྱུང་ཚུགས་ནི་མས་ཟེར་ཨིན་པས།

ཇའི་སྒང་གི་ ཚོང་འབྲེལ་ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་ ཨར་ཨེསི་གུཔ་ཏ་གིས་ འབྲུག་གཞུང་ལུ་ བཀྲིན་དགའ་ཚོར་ བཤད་མིའི་ནང་ རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་དེ་ མཛེས་ཆ་དང་ལྡནམ་སྦེ་ ཡོད་པའི་ཁར་ ལམ་ལུགས་ཀྱི་ཐོན་སྐྱེད་ཚུ་ཡང་ བཙུགས་ཏེ་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལྟ་བཤལཔ་བརྩིས་ཏེ་ ང་བཅས་རའི་ ཆ་རོགས་ག་ར་ ཕུན་ཚོགས་གླིང་གི་ འཛུལ་སྒོ་དེ་ ནམ་ལོག་ཕྱེ་འོང་ག་ཟེར་ སག་ལང་སྟེ་ སྡོད་ཡོདཔ་བཞིན་དུ་ ཇའི་སྒང་དང་ ཌུ་ཝར་གྱི་མི་ཚུ་ སྤྱི་ཟླ་༩ པའི་ཚེས་༢༣ ལུ་ སྒོ་ཕྱེ་ནི་ལུ་ བསྒུག་སྟེ་ཡོད་ཟེར་ཨིན་པས།

ཨར་ཨེསི་གུཔ་ཏ་གིས་ སླབ་མིའི་ནང་ འཛུལ་སྒོ་ཕྱེས་བའི་ཤུལ་ལས་ ས་མཚམས་ཁྲོམ་ཚོགས་ཀྱི་ མི་ཚུ་གིས་ ཧེ་མ་བཟུམ་སྦེ་ འབྲེལ་བ་ལེགས་ཤོམ་སྦེ་ར་ འཐབ་ཚུགས་ཟེར་ཨིན་པས།

ལས་རིམ་དེ་ བཀའ་ཁྲིམས་བཀོད་འཛིན་དང་ ཆུ་ཁ་རྫོང་ཁག་བདག་སྐྱོང་ ཕུན་ཚོགས་གླིང་དྲུང་ཁག་ ཁྲིམས་སྲུང་འགག་སྡེ་ དེ་ལས་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *