རྐང་འཁོར་རྒྱུག་མགྲན་ནང་ ཨང་དང་པ་ཐོན་མི་ དཔལ་ལྡན་དབང་ཕྱུག།

རྐང་འཁོར་རྒྱུག་འགྲན་ཐེངས་༡༠པའི་ནང་ དཔལ་ལྡན་དབང་ཕྱུག་གིས་ ཨང་དང་པ་ཐོན་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༧ ལུ་ མི་དབང་རྒྱལ་པོའི་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ ཊུར་ཧོཕ་ད་ཌའི་གཱོན་རྐང་འཁོར་རྒྱུག་འགྲན་ འགོ་འབྱེད་མཛད་གནང་ཡི།

རྐང་འཁོར་རྒྱུག་འགྲན་ཐེངས་༡༠པའི་ནང་ ཨམ་སྲུ་༥ བརྩིས་ཏེ་ འབྲུག་དང་ རྒྱལ་སྤྱི་ལས་ མི་གྲངས་༤༨ ཀྱིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ འདས་པའི་ལོ་དང་ཕྱདཔ་ད་ ཨམ་སྲུའི་གྱངས་ཁ་ ཡར་སེང་སོང་ཡོདཔ་ཨིན་པས།

ཀི་ལོ་མི་ཊར་༢༦༨ འབད་མི་ རྒྱུག་འགྲན་དེ་ བུམ་ཐང་ལས་ འགོ་བཙུགས་ཡོདཔ་ད་ རྒྱུག་འགྲན་དེ་ འཛམ་གླིང་ནང་ ཉིནམ་༡ འབད་མི་ རྐང་འཁོར་རྒྱུག་འགྲན་ ལཱ་ཁག་ཅིག་ཨིནམ་སྦེ་ བརྩི་དོ་ཡོདཔ་ཨིན་པས།

བུམ་ཐང་ལྕམ་མཁར་ལུ་ རྒྱུག་འགྲན་འགོ་བཙུགས་པའི་སྐབས་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ལྟདམོ་བལྟ་བར་ འཛོམས་ཡོདཔ་མ་ཚད་ གཞུང་ལམ་བདའ་སྟེ་ ཁས་བླངས་པ་དང་ སློབ་ཕྲུག་ཚུ་གིས་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ལམ་ཁར་བསྒུགས་ཞིནམ་ལས་ རྒྱུག་འགྲན་འབད་མི་ཚུ་ལུ་ བསུ་བ་འབད་ཡི།

རྐང་འཁོར་རྒྱུག་འགྲན་གྱི་ཧེ་མར་ སྤྱི་ཟླ་༩ པའི་ཚེས་༤ ལུ་ མི་དབང་རྒྱལ་པོའི་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ བུམ་ཐང་ལུ་ རྩེད་རིགས་ཁང་དང་ གྱིབ་ཀྱི་རྩྭ་གདན་འཐིང་ཡོད་པའི་ ཕུཊ་བཱོལ་རྩེད་ཐང་༢ འགོ་འབྱེད་མཛད་གནང་ཡི།

སྤྱི་ཟླ་༩ པའི་ཚེས་༥ ལུ་ རྐང་འཁོར་བཏང་མི་ཚུ་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ འགོ་ཁྲིད་ཐོག་ སྟང་མེ་འབར་མཚོ་མཇལ་བར་ བྱོན་ཡོདཔ་ད་ རྐང་འཁོར་བཏང་མི་ཚུ་ རྒྱུག་འགྲན་སྐབས་ རྐྱེན་ངན་བར་ཆད་ཚུ་ ཞི་ཐབས་དོན་ལས་ དཀར་མེ་ཕུལ་ཡོདཔ་ཨིན་པས།

རྐང་འཁོར་རྒྱུག་འགྲན་དང་འབྲེལ་ ལྕམ་མཁར་ལུ་ བཞེས་སྒོའི་དུས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ ནང་འཁོད་ལས་ཐོན་མི་ ཡོངས་གྲགས་ཅན་གྱི་ བཞེས་སྒོ་མ་འདྲཝ་ཚུ་ འགྲེམས་སྟོན་འབད་ཡི།

དེ་བཟུམ་སྦེ་ རྒྱལ་ཁབ་ནང་ ཡོངས་གྲགས་ཅན་གྱི་ ཞབས་ཁྲ་འཐེན་མི་ཚུ་གིས་ སྤྱི་ཟླ་༩ པའི་ཚེས་༦ གི་ནུབ་མོ་ རྒྱུག་འགྲན་འགོ་མ་བཙུགས་ཚུན་ མི་མང་ལུ་ རང་ལུགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཅི།

བུམ་ཐང་ལས་ ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ རྐང་འཁོར་རྒྱུག་འགྲན་ འགོ་བཙུགས་ཞིནམ་ལས་ འབྲུག་རྒྱལ་ཁབ་དང་ ལྷག་པར་དུ་ བུམ་ཐང་རྫོང་ཁག་དེ་ ཧེ་མ་ལས་ གནས་རྩ་ཅན་ཚུ་ལུ་བརྟེན་ ཡོངས་གྲགས་ཐོན་པའི་ཁར་ རྐང་འཁོར་དེ་ལུ་བརྟེན་ ལྷག་པར་དུ་ ཡོངས་གྲགས་འཐོན་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

ཀྲོང་གསར་ལས་ ལཱ་ཁག་སྦེ་ རྐང་འཁོར་རྒྱུག་འགྲན་འགོ་བཙུགས་སར་ ལྟདམོ་བལྟ་བར་འོང་མི་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ཨ་རྟག་ར་ ཀྲོང་གསར་ལུ་ ལམ་ཁར་ཐོན་ཏེ་ ལྟ་དོ་ཡོདཔ་ཨིན་རུང་ ད་རེས་ བུམ་ཐང་ལུ་ དངོས་སུ་སྦེ་འོང་སྟེ་ལྟཝ་ད་ སྤྲོ་བ་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མ་འོངས་པ་ལུ་ ཁོ་ར་ཡང་ སྦྱང་བ་འབད་དེ་ རྐང་འཁོར་རྒྱུག་འགྲན་ནང་ བཅའ་མར་གཏོགས་ནིའི་ རེ་བ་དང་ སྤྲོ་བ་ཡོད་ཟེར་ཨིན་པས།

དུས་ཅི་གི་ རྐང་འཁོར་རྒྱུག་འགྲན་ནང་ལས་ དཔལ་ལྡན་དབང་ཕྱུག་གིས་ དུས་ཡུན་ཆུ་ཚོད་༡༠དང་ སྐར་མ་༤༥ དེ་ལས་ སྐར་ཆ་༥༣ ལུ་ ཀི་ལོ་མི་ཊར་༢༣༨ མཇུག་བསྡུ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ ཨང་༢ པ་དེ་ ཊོམ་ཤོ་ཕིལཊ་ཐོན་ཡོདཔ་ད་ ཨམ་སྲུའི་དབྱེ་ཁག་ནང་ལས་ ལུ་ཡིས་ཨོན་ལི་གིས ཨང་དང་པ་དང་ འཆི་མེད་སྒྲོལ་མ་གིས་ ཨང་༢ པ་ཐོན་ཡི།

འདས་པའི་ལོ་ཚུ་དང་ཕྱདཔ་ད་ བུམ་ཐང་དང་ ཐིམ་ཕུག་བར་ནའི་ གཞུང་ལམ་རྒྱ་བསྐྱེད་ ཧ་ལམ་མཇུག་བསྡུ་ཡོདཔ་ལས་ རྐང་འཁོར་རྒྱུག་འགྲན་འབད་མི་ཚུ་ལུ་ གདོང་ལེན་སྦོམ་མ་འབྱུང་པའི་ཁར་ གནམ་གཤིས་གནས་སྟངས་ཡང་ ལེགས་ཤོམ་ཡོདཔ་ལས་ རྐང་འཁོར་རྒྱུགས་འདྲེན་གྱི་ ལས་རིམ་དེ་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།བུམ་ཐང།

 

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *