གཡུས་མི་ཁས་བླངས་པ་ཚུ་གིས་ སོ་ནམ་ཞིང་ལམ་གྱི་ ཆུ་གཡུར་སེལ་བའི་བསྒང་།

རྐང་པ་རའི་མི་སེར་ཚུ་གིས་ སོ་ནམ་ཞིང་ལམ་ཚུ་ ཁས་བླངས་ཐོག་ལས་ སེལ་དོ་ཡོདཔ།

༢ བཀྲིས་སྒང་ རྐང་པ་ར་ལུ་ ད་རེས་ནངས་པར་ ཕོ་སྐྱེས་༡༠ འབད་མི་ སྡེ་ཚན་ཅིག་གིས་ སྤག་ས་ཕུག་ལས་ སྤུལ་གདུང་སྤྱི་འོག་གི་ སོ་ནམ་ཞིང་ལམ་གྱི་ ཆུ་གཡུར་ཚུ་ བཟོ་སྐྲུན་འབད་དོ་ཡོདཔ་ཨིན་པས།
ཕོ་སྐྱེས་ཚུ་ཡང་ འཕྲལ་ཁམས་ཅིག་ཁར་ སྤྱི་འོག་ནང་ སོ་ནམ་ཞིང་ལམ་ལག་ལེན་ཟེར་མི་ སྡེ་ཚན་བཟོ་མི་ འཐུས་མི་ཚུ་ཨིནམ་ད་ སྡེ་ཚན་དེ་ནང་ ཁྲི་འཛིན་གྱིས་ འགོ་ཁྲིདཔ་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ ཁས་བླངས་པའི་སྡེ་ཚན་༣ པ་ ཨིནམ་བཞིན་དུ་ ཟླཝ་༤ གི་ཧེ་མར་ གཞི་བཙུགས་འབད་ནུག།
སྤྱི་འོག་དེ་ནང་ ཁྱིམ་གུང་པ་༡༡༢ ཡོདཔ་བཞིན་དུ་ དེ་བཟུམ་མའི་ ལཱ་འབད་བའི་སྐབས་ ཁྱིམ་གུང་རེ་ལས་ འཐུས་མི་རེ་ ངེས་པར་དུ་ འོང་དགོཔ་ད་ སྡེ་ཚན་གྱི་ཁྲི་འཛིན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ད་ཚུན་ ཁས་བླངས་པ་ ག་ཏེ་ལུ་དགོཔ་ཅིག་ གཡུས་མི་ཚུ་གིས་ རྒྱབ་སྐྱོར་བྱིན་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞིང་ལམ་དེ་གིས་ ཁེ་ཕན་བྱུང་སྟེ་ཡོདཔ་ལས་ ཞིང་ལམ་དེ་ རྒྱུན་སྐྱོང་ལེགས་ཤོམ་སྦེ་ འཐབ་ནི་དེ་ ང་བཅས་ཚུ་གིས་ འགན་ཁུར་ཨིནམ་ལས་ ཞིང་ལམ་དུམ་གྲ་རེ་ མེདཔ་ཐལ་མི་ .ཧོག་ཀ་ཐོན་མི་དང་ ས་རུད་ལུ་བརྟེན་ ལམ་ཁར་ རྡོ་བུད་འོང་མི་ཚུ་ སེལ་དོ་ཟེར་ཨིན་པས།
རྐང་པ་ར་རྒེད་འོག་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སོ་ནམ་ཞིང་ལམ་ལག་ལེན་ལམ་སྟོན་༢༠༡༣ དང་འཁྲིལ་ཏེ་ སྡེ་ཚན་དེ་གིས་ ཞིང་ལམ་གྱི་ ཉམས་བཅོས་ཀྱི་ ལཱ་ཚུ་འབད་དོ་ཟེར་ཨིནམ་ད་ མི་སེར་ག་ར་གིས་ ཞིང་ལམ་ཉམས་བཅོས་འབད་ནི་ལུ་ ངོས་ལེན་འབད་དེ་ཡོདཔ་ལས་ སྡེ་ཚན་བཟོ་ནི་ལུ་ དཀའ་ངལ་ག་ནི་ཡང་ མ་འབྱུང་ཟེར་ཨིན་པས།
ཟོར་གདུང་སྡེ་ཚན་དེ་གིས་ ཀི་ལོ་མི་ཊར་༥ འབད་མི་ ཟོར་གདུང་ལས་ སེ་མཁར་དགོན་པ་གྱི་ སོ་ནམ་ཞིང་ལམ་དེ་ འཕྲལ་ཁམས་ཅིག་ཁར་ ཉམས་བཅོས་འབད་ཚར་ཏེ་ཡོདཔ་ད་ འཁོར་ལམ་དེ་ མེད་པའི་སྐབས་ གདོང་ལེན་ཚུ་ ཤེས་མི་ལུ་བརྟེན་ ཞིང་ལམ་དེ་ ནམ་ར་འབད་རུང་ རྒྱུན་འགྲུལ་འཐབ་ཆོགཔ་སྦེ་ བཟོ་དགོཔ་ཁག་ཆེ་ཟེར་ ཚོགས་པ་ཚེ་དབང་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འཁོར་ལམ་མེད་པའི་སྐབས་ སོ་ནམ་ཐོན་སྐྱེད་ ཨེ་མ་དང་ ཀེ་བ་ཚུ་ ཝམ་རོང་ཁྲོམ་ཁར་ བཙོང་པར་འབག་ནི་ལུ་ ཉིནམ་༡ དེ་ཅིག་ འགོར་བའི་ཁར་ གནམ་བྱཱར་གྱི་སྐབས་ ཚོད་བསྲེ་མང་ཤོས་ར་ མེདཔ་ཐལ་ཏེ་ གོང་ཚད་ཚུ་ཡང་ འཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཟེར་ཨིན་པས།
མེར་དྲག་གཡུས་ཚན་ལས་ ཚེ་རིང་དབང་མོ་གིས་ སླབ་མིའི་ནང་ རྒེད་འོག་ནང་ སྣུམ་འཁོར་ལམ་ ལྷོད་མི་ལུ་བརྟེན་ མི་ཚེ་སྐྱོང་ནི་ལུ་ བདེ་སྟབས་བྱུང་སྟེ་ཡོད་ཟེར་ཨིནམ་བཞིན་དུ་ ཧེ་མ་བཟུམ་སྦེ་ ད་རེས་ ཚོད་བསྲེ་ཚུ་ སྒལ་ཏོག་ཁར་ འབག་མ་དགོ་པར་ ཚོད་བསྲེའི་གོང་ཚད་ལུ་ཡང་ ལྷན་ཐབས་བྱུང་སྟེ་ཡོད་ཟེར་ཨིན་པས།
རྐང་པ་ར་དམངས་མི་ སངས་རྒྱས་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་ཞིང་ལམ་ བརྒྱ་ཆ་༩༠ དེ་ཅིག་ སེལ་ཚར་མི་ལུ་བརྟེན་ རྒེད་འོག་དེ་ གོང་འཕེལ་སོང་སྟེ་ཡོད་ཟེར་ཨིནམ་ད་ ཞིང་ལམ་ཚུ་ཡང་ འཕྲལ་ཁམས་ཅིག་ཁར་ སེལ་ཚར་མི་ལུ་བརྟེན་ ལམ་ཚུ་གཏན་ཏོག་ཏོ་མེདཔ་ལས་ སྡེ་ཚན་དེ་གིས་ ཉམས་བཅོས་ཀྱི་ ལཱ་ཚུ་འབད་དགོཔ་ ཐོནམ་མས་ཟེར་ཨིན་པའི་ཁར་ གལ་སྲིད་ ཉམས་བཅོས་སྦོམ་སྦེ་ར་ འབད་དགོཔ་འཐོན་པ་ཅིན་ རྒེད་འོག་དེ་གིས་ རྫོང་ཁག་བདག་སྐྱོང་དང་གཅིག་ཁར་ གྲོས་བསྟུན་འབད་འོང་ཟེར་ཨིན་པས།
རྐང་པ་ར་རྒེད་འོག་ནང་ ལམ་སེལ་སྡེ་ཚན་༣ ཡོདཔ་བཞིན་དུ་ སོ་ནམ་ཞིང་ལམ་༧ ཡོད་མིའི་གྲས་ལས་ ད་རེས་ ཞིམ་ལམ་༥ སེལ་ཚར་ཏེ་ཡོདཔ་ད་ ཀི་ལོ་མི་ཊར་༡༩ འབད་མི་ ཁྲིམས་ཤིང་སྦིས་སྡིང་ཕུག་ཞིང་ལམ་དེ་ འཆར་གཞི་༡༠ པའི་ནང་ སེལ་ཡོདཔ་ཨིན་པས།
རྒེད་འོག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཀི་ལོ་མི་ཊར་༨ འབད་མི་ རྐང་པ་ར་སྒྲུབ་ཁང་དགོན་པའི་ ཞིང་ལམ་དང་ ཀི་ལོ་མི་ཊར་༨ འབད་མི་ སྦིས་སྡིང་ཕུག་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ སང་ཕོད་སྤྱི་ཟླ་༦ པའི་ནང་ སེལ་ཚར་འོང་ཟེར་ཨིན་པས།
ཀི་ལོ་མི་ཊར་༣༩.༣ འབད་མི་ ཁ་རུང་ལ་རྐང་པར་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ སྤྱི་ལོ་༢༠༠༩ ལུ་ སེལ་ནི་འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༢ ལུ་ སེལ་ཚར་ཡོདཔ་བཞིན་དུ་ འཁོར་ལམ་དེ་གུ་ རྩི་ནག་གཏང་ནིའི་ལཱ་ཚུ་ཡང་ འདས་པའི་རྩིས་ལོ་ནང་ བཏང་ཚར་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *