རུལ་བཏུབ་མི་ཕྱགས་སྙིགས་ཀྱི་ལུད་ བཟོ་ནིའི་འཕྲུལ་ཁང་ སྒོ་བསྡམས་དགོཔ་བྱུང་ཡོདཔ།

༉ ཐིམ་ཕུག་གི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཕྱགས་སྙིགས་རུལ་བཏུབ་མི་དང་ རུལ་མ་བཏུབ་མི་ཚུ་ ཕྱི་སེལ་རྐྱབ་སྟེ་ མེ་མེ་ལ་ཁ་ལུ་ སྐྱེལ་བཏང་དོ་ཡོདཔ་ཨིན་རུང་ ས་གནས་ནང་ལྷོདཔ་ད་ ག་ར་གཅིག་ཁར་ བླུགས་དོ་ཡོདཔ་ཨིན་པས།
དེ་སྦེ་ བླུགས་དགོ་མི་དེ་ཡང་ ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ གསར་སྦིས་ཐང་ལུ་ རུལ་བཏུབ་མི་ཕྱགས་སྙིགས་ལུ་བརྟེན་ ལུད་བཟོ་ནིའི་འཕྲུལ་ཆས་དེ་གིས་ ཕྱགས་སྙིགས་དང་བསྟུན་པའི་ ལཱ་འབད་མ་ཚུགས་པའི་ཁར་ ས་གནས་ཀྱི་ མི་ཚུ་གིས་ ཕྱགས་སྙིགས་ཀྱི་ རུལ་དྲི་མནམ་པའི་སྐོར་ལས་ ཉོགས་བཤད་བཀོད་པའི་ཤུལ་ལས་ སྒོ་བསྡམས་བཞག་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་ སླབ་མིའི་ནང་ ཧེ་མ་ ཐིམ་ཕུག་ཁྲོམ་སྡེ་གིས་ ཕྱགས་སྙིགས་རུལ་བཏུབ་མི་དང་ རུལ་མ་བཏུབ་མི་ཚུ་ ཕྱི་སེལ་རྐྱབ་ཐོག་ལས་ རུལ་བཏུབ་མི་ཚུ་ ལུད་བཟོ་ནིའི་དོན་ལས་ གསར་སྦིས་ཐང་ལུ་ སྐྱེལ་བའི་སྐབས་ ཟླཝ་རེ་ལུ་ སྣུམ་འཁོར་ཊཱག་༥ ལས་བརྒལ་ མི་ཐོན་དོ་ཡོདཔ་ལས་ འཕྲུལ་ཆས་དེ་གིས་ ལག་ལེན་འཐབ་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ ཤུལ་ལས་ གི་རི་ནར་ཝེ་སྒེར་སྡེ་ལུ་ རྩིས་སྤྲོད་འབད་བའི་ཤུལ་ལས་ ཁོང་གིས་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབདཝ་ད་ རུལ་བཏུབ་མི་དང་ རུལ་མ་བཏུབ་མི་གཉིས་ སོ་སོར་སྦེ་ དབྱེ་བ་ཕྱེ་དོ་ཡོདཔ་ལས་ ཟླཝ་རེ་ནང་ རུལ་བཏུབ་མི་ཕྱགས་སྙིགས་ཊཱག་༡༠༠ ལས་བཅད་དེ་ ཐོན་དོ་ཡོདཔ་ལས་ འཕྲུལ་ཆས་ཀྱིས་ ག་ར་སྟབས་གཅིག་ཁར་ འབད་ཚུགས་པའི་ལྕོགས་གྲུབ་མེདཔ་ལས་ ས་གནས་ནང་ དེ་སྦེ་ར་ སྤུངས་བཞགཔ་ད་ རུལ་དྲི་མནམ་སྟེ་ ས་གནས་ཀྱི་ མི་ཚུ་གིས་ ཉོགས་བཤད་བཀོད་མི་ལུ་བརྟེན་ ད་ལྟོ་ སྒོ་བསྡམས་བཞག་དགོཔ་ བྱུང་ཡི་ཟེར་ཨིན་པས།
ཀུན་གསལ་གྱིས་ མེ་མེ་ལ་ཁའི་ ས་གནས་ནང་ བལྟ་བར་འགྱོ་བའི་སྐབས་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་ག་ར་ ཕྱགས་སྙིགས་ཀྱིས་ གང་ཡོདཔ་མ་ཚད་ རུལ་བཏུབ་མི་ ཕྱགས་སྙིགས་འབག་མི་སྣུམ་འཁོར་དང་ ཕྱགས་སྙིགས་སྐམ་འབག་མི་ སྣུམ་འཁོར་གཉིས་ཆ་ར་ ས་གནས་གཅིག་ནང་ སོང་ཞིནམ་ལས་ དེ་ནང་ བཏོན་བཀོག་སར་མཐོང་ཅི།
དེ་ལུ་ ཁྲོམ་དཔོན་གྱིས་འབད་བ་ཅིན་ དེ་སྦེ་བཀོག་མི་དེ་ བདེན་ཟེར་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ གསར་སྦིས་ཐང་གི་ ལུད་བཟོ་ནིའི་ལས་འགུལ་དེ་ མཐར་འཁྱོལ་ཅན་ཅིག་ འགྱོ་མ་བཏུབ་མ་ཚད་ མེ་མེ་ལ་ཁ་ལུ་ ལུད་བཟོ་ནི་གི་འཕྲུལ་ཆས་ གཞི་བཙུགས་མ་འབད་ནི་དེ་གིས་ སྟབས་མ་བདེཝ་ཡོད་ཟེར་ཨིན་པས།
ཨིན་རུང་ ཁྲོམ་དཔོན་གྱིས་ རྒྱ་གར་གཞུང་གི་ཁ་ཐུག་ལས་ ཕྱགས་སྙིགས་འཛིན་སྐྱོང་གི་ མ་དངུལ་ཡོདཔ་ལས་བརྟེན་ དེ་གིས་ མེ་མེ་ལ་ཁ་ལུ་ རུལ་བཏུབ་མི་ ཕྱགས་སྙིགས་ཚུ་ ལུད་བཟོ་ནི་གི་འཕྲུལ་ཆས་ ཧེ་མ་བ་སྦོམ་ཅིག་ གཞི་བཙུགས་འབད་ནི་དང་ ཡང་ཅིན་ ཕྱགས་སྙིགས་ལས་བརྟེན་པའི་ གེསི་བཟོ་ནི་གི་ འཆར་གཞི་ཡོདཔ་ལས་ དེ་ཚུ་ འགོ་བཙུགས་ཚུགས་པའི་བསྒང་ལས་ སྟབས་མ་བདེཝ་སྦོམ་ཅིག་ མི་འཐོན་ཟེར་ སླབ་ཨིན་པས།
དེ་མ་ཚད་ སྔགས་པའི་རོང་ཆུ་གི་ སྦོ་ལོགས་ཁར་ ཕྱགས་སྙིགས་རུལ་མ་བཏུབ་མི་ཚུ་ ལོག་ལག་ལེན་འཐབ་བཏུབ་བཟོ་ནིའི་ ལས་འགུལ་ཅིག་ འགོ་བཙུགས་མི་དེ་ སྤྱི་ཟླ་༨ པ་ རྫོགས་ཁམས་ཅིག་ཁར་ མཇུག་བསྡུ་ཚུགས་ནི་ཨིནམ་ལས་ དེ་ནང་ ཕྱགས་སྙིགས་སྐམ་བརྒྱ་ཆ་༨༠ ལས་༩༠ འི་བར་ན་ འབག་བསྐྱལ་ནི་ཨིནམ་ལས་ དཀའ་ངལ་སེལ་ཚུགས་ཟེར་ཨིན་པས།
ཕྱགས་སྙིགས་སྐམ་དང་ རུལ་བཏུབ་མི་གཉིས་ མེ་མེ་ལ་ཁ་ལུ་ལྷོདཔ་ད་ གཅིག་ཁར་བླུགས་ནི་ཨིན་པ་ཅིན་ སྣུམ་འཁོར་ཚུ་ ཕྱགས་སྙིགས་བསྡུ་འགྱོམ་འབད་བར་འོངམ་ད་ར་ སོ་སོར་སྦེ་ དབྱེ་བ་ཕྱེ་མ་དགོ་པར་ འབག་འགྱོ་རུང་ བཏུབ་ནི་མས་ལས་འཛིན་གཅིག་ནང་ལཱ་འབད་མི་ གཡང་འཛོམས་ཀྱིས་བཤདཔ་ཨིན་པས།
དེ་སྦེ་ ཕྱི་སེལ་རྐྱབ་སྟེ་ བསྐྱལ་དགོཔ་ད་ལུ་ ཉིནམ་གཅིག་ ཕྱགས་སྙིགས་སྐམ་གྱི་ སྣུམ་འཁོར་སྒུག་དགོཔ་ད་ ཉིནམ་གཅིག་ རུལ་བཏུབ་མི་ཚུ་ སྒུག་དགོཔ་འབདཝ་ད་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཐིམ་ཕུག་ མེ་མེ་ལ་ཁ་ལུ་ ཕྱགས་སྙིགས་བཀོག་སའི་ས་ཁོངས་ཀྱི་ སྦོ་ལོགས་ཁར་ མ་ལྷོདཔ་ཅིག་ལས་ རུལ་དྲི་མནམ་པའི་ཁར་ དེ་ནང་ལྷོད་པའི་བསྒང་ལས་ སྤྱང་ཁྱི་ཚུ་ འཁྱམས་སྡོད་སའི་ ས་ཁོངས་ཅིག་ལུ་ གྱུར་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *