ལག་ལེན་མེད་པར་ལུས་མི་ རང་ལུགས་ཀྱི་ ཆུ་རག།

རུ་ཀུ་སྦྱིས་ལུ་ རང་ལུགས་ཀྱི་ ཆུ་རག་མེད་པའི་དཀའ་ངལ།

༉ དབང་འདུས་ཕོ་བྲང་ རུ་ཀུ་སྦྱིས་གཡུས་ཚན་ནང་ ཧེ་མ་འབད་བ་ཅིན་ རང་ལུགས་ཀྱི་ ཆུ་རག་ལེ་ཤ་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ དཀར་དང་ ནག་ཕྱེ་འཐག་ནིའི་དོན་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོད་རུང་ ད་རེས་ གྱང་ཁོག་ལུ་གྱུར་ཡོད་མི་དེ་ གནས་སྟངས་སྐྱོ་སི་སི་ཅིག་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༥ དེ་ཅིག་ཁར་ གཞུང་གིས་ གཞུང་ས་ནང་ རྐྱབ་ནུག་ཟེར་སླབ་སྟེ་ བརྡལ་བཏང་མི་ལུ་བརྟེན་ཨིན་པས།
ད་རེས་ གཡུས་མི་ཚུ་ ཕྱེ་འཐག་ནིའི་ནང་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ལས་ རེ་ཚེ་སྐབས་ རང་སོའི་དགོས་མཁོ་དང་འཁྲིལ་ ཀི་ལོ་མི་ཊར་༢༠ ལས་ལྷག་པའི་ ཀྲོང་གསར་ཚང་ཁ་དང་ དབང་འདུས་ཕོ་བྲང་ ལོད་སྦིས་ས་ དེ་ལས་ ཆུ་འཛོམས་ས་ཚུ་ནང་ འགྱོ་དགོཔ་ཐོནམ་ཨིན་པས།
སྐྱེས་ལོ་༥༨ ལང་མི་ རུ་ཀུ་སྦྱིས་ཀྱི་ཚོགས་པ་ ཟླ་བ་ཚེ་རིང་གིས་ སླབ་མིའི་ནང་ མ་གཞི་ ཧེ་མ་འབད་བ་ཅིན་ གཡུས་ཚན་དེ་ནང་ པ་ལི་ཆུ་གུ་ ཆུ་རག་༥ དང་ སྦྱེ་སྦས་ཆུ་གུ་༢ འབདཝ་ད་༧ ཡོད་རུང་ ག་ར་བརྡལ་བཏང་ཡི་ཟེར་ཨིན་པས།
མ་གཞི་ ཆུ་རག་ཚུ་ སྒེར་མི་ངོ་རྐྱང་གི་ཨིན་རུང་ གཡུས་མི་ག་ར་གིས་ ཕྱེ་འཐག་ནིའི་དོན་ལུ་ ལག་ལེན་འཐབ་ཨིན་ཟེར་བཤདཔ་ཨིན་པས།
དེ་ལུ་བརྟེན་ ད་རེས་ དམིགས་བསལ་དུ་ གཡུས་སྒོ་ནང་དང་ རང་སོའི་ཁྱིམ་ནང་ རིམ་གྲོ་དང་ འབུམ་སྡེ་རེ་ བཟུང་བའི་སྐབས་ལུ་ གཏོརམ་བཞེངས་ནིའི་དོན་ལུ་ དཀར་ཕྱེ་མ་འཐོབ་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ད་རེས་ཀྱི་ གནས་སྟངས་ནང་ ཆུ་རག་གི་ཤུལ་ གྱང་ཁོག་ཚུ་ ཁྱིམ་ཐོག་ཡང་མེདཔ་སྦེ་ ཐལ་ཏེ་ཡོདཔ་མ་ཚད་ དེ་གི་ཆུ་ལམ་ཡང་ བྱེམ་དང་ ས་གིས་གང་ དེ་ལས་ ཆུ་རག་ནང་ ཧོན་སྡོང་ཚུ་ཡང་ ལེ་ཤ་ཅིག་ར་ སྐྱེས་ཏེ་འདུག།
དེ་ལས་ ཆུ་རག་གི་རྡོ་ཚུ་ ཆུ་རག་བཟོ་བཀོད་ཚུ་ནང་ཡོདཔ་ད་ དེ་ཡང་ བཟོ་བཀོད་ནང་ལས་ ཕྱི་ཁར་བཏོན་མ་བཏུབ་མ་ཚད་ ག་དེམ་ཅིག་སྦེ་ ས་ཁར་བུད་སོ་རུང་ ལོག་འཐུ་མི་བཏུབ་ཟེར་ སླབ་སྲོལ་ཡོད་མི་ལུ་ བརྟེན་ཨིན་པས།
སྐྱེས་ལོ་༧༣ ལང་མི་ གླེ་མོ་གིས་ སླབ་མིའི་ནང་ ཆུ་རག་ཚུ་ བརྡལ་བཏང་བའི་སྐབས་ ག་ར་ ལག་ལེན་ཐོག་ལུ་མེདཔ་ད་ ལེགས་ཤོམ་ཡོད་མི་ཚུ་ མི་སེར་ལུ་ དགོས་མཁོ་སྦོམ་ཡོདཔ་ལས་ བཞག་གནང་ཟེར་ ག་དེམ་ཅིག་ གསོལ་བ་བཏབ་རུང་ བཞག་མ་བཏུབ་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ དེ་བསྒང་ གཞུང་གི་འགོ་དཔོན་ཚུ་གིས་ གཞུང་ས་ནང་རྐྱབ་མི་ ནོར་ཁྱིམ་ཚུ་ བརྡལ་བའི་སྐབས་ མི་ལ་ལོ་ཅིག་གིས་ ཉོགས་བཤད་བཀོད་མི་དང་འཁྲིལ་ ཆུ་རག་ཚུ་ཡང་ བརྡལ་བཏང་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གཞུང་གིས་ མི་སེར་ཚུ་ལུ་ དགོས་མཁོ་ཆེ་བའི་ ཆུ་རག་ཚུ་ བཞག་དགོཔ་སྦེ་ ག་དེམ་ཅིག་ཞུ་རུང་ གསན་མ་བཏུབ་པར་ བརྡལ་བཏངམ་ལས་ སེམས་མ་དགའ་ཟེར་ཨིན་པས།
སྐྱེས་ལོ་༦༠ ལང་མི་ ཕུརཔ་ལྷ་མོ་གིས་ སླབ་མིའི་ནང་ མ་གཞི་ གཡུས་ཚན་དེ་ནང་ལས་ གྱེན་འཛེགས་ཏེ་ འགྱོ་དགོ་པའི་ས་གནས་ བུ་མེ་ལོགས་ལུ་ ཆུ་རག་ཅིག་ཡོད་རུང་ ཆུ་རག་དེ་ ཆུང་ཀུ་འབད་བའི་ཁར་ རེ་ཚེ་སྐབས་ ཆུ་ཆུང་ཀུ་མ་གཏོགས་ མི་འོང་དོ་ཡོདཔ་ལས་ དཀར་བྲེ་༢༠ འཐག་ནིའི་དོན་ལུ་ དུས་ཡུན་ཉིན་གྲངས་༤ དེ་རེ་ཡང་ འགོརཝ་མས་ཟེར་ཨིན་པས།
མ་གཞི་ གཡུས་ཚན་དེ་ནང་ ཚར་གཅིག་ དེང་སང་གི་ ཕྱེ་འཐག་འཕྲུལ་ཆས་ཅིག་ གཞི་བཙུགས་འབད་ཡོད་རུང་ མི་ཚུ་གིས་ འཕྲུལ་གྱིས་འཐགས་མི་ཕྱེ་དེ་ མི་ཞིམ་པས་ཟེར་སླབ་སྟེ་ ལག་ལེན་འཐབ་མ་བཏུབ་ཟེར་ཨིན་པས།
ཁོང་གི་དོན་ལུ་ གཞུང་གིས་ ཆུ་རག་ཚུ་ ལོག་སྟེ་ར་ གཞི་བཙུགས་འབད་ནིའི་ གནང་བ་གནང་པ་ཅིན་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

རུ་ཀུ་སྦྱིས་ལས་ ཉི་མ་དབང་འདུས།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *