༉ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་ རུ་ཀུ་སྦྱིས་ལུ་ ཡན་ལག་སྨན་ཁང་ སྡེ་རིམ་༢ པ་འབད་མི་ཅིག་ ཡོད་མི་དེ་གིས་ མི་སེར་ཚུ་ལུ་ ཕན་སྦོམ་སྦེ་ར་ ཐོགས་དོ་ཡོདཔ་ཨིན་རུང་ སྨན་ཁང་དེ་ནང་ ཚད་ལས་བརྒལ་བའི་ འགན་ཁུར་ཕོག་པའི་ དཀའ་ངལ་ཡོདཔ་ཨིན་པས།
སྨན་ཁང་དེ་ནང་ ད་རེས་ ལཱ་འབད་མི་ སྨན་གཡོགམོ་༢ མ་གཏོགས་མེདཔ་ཨིན་རུང་ ཞབས་ཏོག་ལེན་མིའི་ གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
རུ་ཀུ་སྦྱིས་ཀྱི་ མི་སེར་ཚུ་གིས་ བཤད་མིའི་ནང་ སྨན་ཁང་དེ་ནང་ལས་ ཞབས་ཏོག་ཚུ་ དུས་ནམ་ར་འབད་རུང་ ཐོབ་ཚུགས་དོ་ཡོདཔ་ཨིན་རུང་ གྱལ་བསྒྲིགས་ཐོག་ལས་ ཡུན་རིངམོ་སྦེ་ བསྒུག་སྡོད་དགོཔ་ ཐོན་དོ་ཡོདཔ་མ་ཚད་ ད་རེས་ཁམས་ སྨན་ཁང་དེ་ སྒོ་བསྡམས་བཞག་སར་ མཐོང་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་དེ་ གཙོ་བོ་ར་ སྨན་ཁང་དེ་ནང་ གསོ་བའི་ལས་བྱེདཔ་ ལངམ་སྦེ་མེད་པ་གིས་མ་ཚད་ གསོ་བའི་ཞབས་ཏོག་ལེན་མིའི་གྱངས་ཁ་ ཡར་སེང་སོང་མི་དང་འཁྲིལ་ཨིནམ་ལས་ གསོ་བའི་ལས་བྱེདཔ་ ཐེབས་དགོཔ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རུ་ཀུ་སྦྱིས་ལས་ སྐྱེས་ལོ་༥༩ འབད་མི་ ཨོ་རྒྱན་ལྷུན་གྲུབ་ཀྱིས་ བཤད་མིའི་ནང་ སྨན་ཁང་དེ་ནང་ ལཱ་འབད་མི་གཉིས་ཆ་ར་ ཨམ་སྲུ་འབདཝ་ལས་ ཕོ་སྐྱེས་དང་འབྲེལ་བའི་ གསོ་བའི་དཀའ་ངལ་ཚུ་ འབྱུང་བའི་སྐབས་ བྱ་སྟབས་མ་བདེཝ་ འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ སྨན་ཁང་དེ་ནང་ སྨན་གཡོགམོ་༢ ཡོདཔ་བཞིན་དུ་ ད་རུང་ དེའི་གུ་ ཕོ་སྐྱེས་གཅིག་ཡང་ གཏང་ཚུགས་པ་ཅིན་ བྱ་སྟབས་བདེ་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༦༩ འབད་མི་ བླམ་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ ཁོང་ཨམ་སྲུ་གཉིས་ཀྱིས་ ཞབས་ཏོག་ཚུ་ལེགས་ཤོམ་སྦེ་ར་ བྱིན་དོ་ཡོདཔ་ཨིན་རུང་ ཕོ་སྐྱེས་གཅིག་ཡང་ དགོཔ་ངེས་བདེན་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ སྨན་གཡོགམོ་༢ པོ་དེ་ཡང་ ཁོང་གི་ལོ་ཚད་དང་ འདྲན་འདྲ་འབད་བ་ཅིན་ དུམ་གྲ་ཅིག་ བྱ་སྟབས་བདེ་ནི་ཨིན་རུང་ ཨ་པ་དང་ བུམོ་བཟུམ་མའི་ གནས་སྟངས་ནང་ ཕོ་སྐྱེས་དང་འབྲེལ་བའི་ ནད་གཞི་ཚུ་ཐོབ་ད་ སྨན་ཁང་ནང་ འོང་མི་ཚུགས་པས་ཟེར་ཨིན་པས།
དེ་མ་ཚད་ གཡུས་ཁའི་ཕོ་སྐྱེས་གཞན་ཚུ་ཡང་ དེ་བཟུམ་མའི་ ནད་གཞི་རེ་ཐོབ་ད་ སྨན་ཁང་དེ་ནང་མ་འོང་པར་ དབང་འདུས་ཕོ་བྲང་དང་ ཀྲོང་གསར་སྨན་ཁང་ཚུ་ནང་ འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
སྨན་ཁང་གི་ གསོ་བའི་ལས་རོགསཔ་ བཀྲིས་དཔལ་སྒྲོན་གྱིས་ སླབ་མིའི་ནང་ ཁོང་ལས་བྱེདཔ་༢ ཀྱིས་ ཉིན་བསྟར་བཞིན་དུ་ ནདཔ་༦༠ ལས་༧༠ དེ་རེ་ བལྟ་དགོཔ་ཐོན་དོ་ཡོདཔ་ལས་ ནདཔ་ཚུ་ བསྒུག་དགོཔ་ཐོནམ་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ སྨན་ཁང་དེ་ནང་ ཞབས་ཏོག་ལེན་མི་ རྒེད་འོག་དེ་ནང་གི་ མི་སེར་ཚུ་རྐྱངམ་གཅིག་ འོང་པ་ཅིན་ ཞབས་ཏོག་སྤྲོད་ནི་ལུ་ དཀའ་ངལ་མི་འབྱུང་ནི་ཨིན་རུང་ སྨན་ཁང་དེ་ གཞུང་ལམ་ཁར་འབདཝ་ལས་ འགྲོ་འགྲུལ་པ་ཚུ་ཡང་ འོང་མི་གིས་མ་ཚད་ ཅན་དན་སྦྱིས་ཀྱི་མི་སེར་དང་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་ཡང་ འོང་ནི་འདུག་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ ཁོང་གཉིས་ལུ་ ལཱ་ཚད་ལས་བརྒལ་ཏེ་ ཐོན་དོ་ཡོདཔ་ལས་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
བཀྲིས་དཔལ་སྒྲོན་གྱི་ བཤད་མིའི་ནང་ དེ་བཟུམ་སྦེ་ རེ་ཚེ་སྐབས་ གློ་བུར་གྱི་ རྐྱེན་ངན་ཚུ་གི་སྐབས་ལུ་ ནདཔ་འབག་མི་ སྣུམ་འཁོར་ཚུ་ནང་འཛུལ་ཏེ་ བསྐྱལ་བར་འགྱོ་དགོཔ་མ་ཚད་ ཟླ་རིམ་བཞིན་དུ་ གྲོང་གསེབ་སྨན་སྤྲོད་ཁང་ཚུ་ནང་ འགྱོ་དགོཔ་ཐོནམ་ད་ ལས་བྱེདཔ་མ་ལང་བའི་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་རེས་ཁམས་ཅིག་ཁར་ ཁོང་གཉིས་ལས་གཅིག་ ནདཔ་འབག་མི་སྣུམ་འཁོར་ནང་ ནདཔ་དང་གཅིག་ཁར་དང་ གཅིག་ གློ་བུར་གྱི་ རྐྱེན་ངན་ལྟ་ཞིབ་འབད་ནིའི་དོན་ལུ་ འགྱོ་དགོཔ་ཐོནམ་ལས་ སྨན་ཁང་སྒོ་བསྡམ་བཞག་དགོཔ་ཐོན་མི་དེ་ དེ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
རུ་ཀུ་སྦྱིས་ཀྱི་ ཚོགས་པ་ཟླ་བ་ཚེ་རིང་གིས་ བཤད་མིའི་ནང་ ཧེ་མ་ཡང་ ལོ་༥ དེ་ཅིག་གི་རིང་ སྨན་ཁང་དེ་ནང་ གསོ་བའི་ལས་བྱེདཔ་ ཨམ་སྲུ་མེད་པར་ བྱ་སྟབས་མ་བདེཝ་ཐོན་ཡོད་རུང་ ད་རེས་འབདཝ་ད་ གསོ་བའི་ལས་བྱེདཔ་ ཕོ་སྐྱེས་མེད་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
རུ་ཀུ་སྦྱིས་གཞི་རྟེན་སྨན་ཁང་ སྡེ་རིམ་༢ པ་དེ་ སྤྱི་ལོ་༡༩༩༠ ལུ་ གཞི་བཙུགས་འབད་ཡོདཔ་ད་ དེ་ནང་ ནདཔ་གི་ཉལ་ཁྲི་༤ ཡོདཔ་ཨིན་པའི་གནས་ཚུལ།
རུ་ཀུ་སྦྱིས་ལས་ ཉི་མ་དབང་འདུས།