རིན་བསྡུར་ཚད་འཛིན་འབད་མི་ལུ་ ཁག་འབགཔ་ཚུ་གིས་ ཉོགས་བཤད་བཀོད་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༩ ལུ་ ཁག་འབགཔ་སྡེ་ཚན་ཅིག་གིས་ འབྲུག་གི་ཁག་འབགཔ་ཚོགས་སྡེའི་ གཙོ་འཛིན་ལུ་ སྤུ་ན་ཁ་རྫོང་ཁག་གིས་ རིན་བསྡུར་ཚད་འཛིན་འབད་བའི་ དོགས་སེལ་འབད་དགོ་པའི་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།

ཁག་འབགཔ་ཚུ་གིས་ བཀོད་མིའི་ནང་ མ་གཞི་ ཁག་འབག་གི་ལཱ་ཚུ་ ག་ར་ གཞུང་གི་ གློག་རིག་ཐོག་གི་ མཁོ་སྒྲུབ་ནང་བཙུགས་ཏེ་འབད་རུང་ སྤུ་ན་ཁ་རྫོང་ཁག་གི་ འཁོར་ལམ་ཚུ་གུ་ རྡོ་ཞིབ་རྐྱབ་ནིའི་(ཇི་ཨེསི་བི་)ལཱ་ཚུ་ ཚད་འཛིན་འབད་དེ་ གདམ་ཁ་ཅན་གྱི་ཁག་འབགཔ་ཚུ་ རྐྱངམ་གཅིག་གིས་འབད་ཆོགཔ་སྦེ་ བཟོ་ནུག་ཟེར་ཨིན་པས།

ཁག་འབགཔ་ཚུ་ གདམ་ཁ་རྐྱབ་ཐོག་ལས་ ལཱ་ཚུ་ག་ར་ སྤུ་ན་ཁ་རྫོང་ཁག་ནང་འཁོད་ཀྱི་ ཁག་འབགཔ་ཚུ་ལུ་རྐྱངམ་གཅིག་ བྱིན་ནུག་ཟེར་ ཡི་གུའི་ནང་བཀོད་ནུག།

གནད་དོན་དེ་ ཨིན་པ་ཅིན་ ལཱ་ཚུ་ གཞུང་གི་གློག་རིག་ཐོག་གི་ མཁོ་སྒྲུབ་ནང་མ་ བཙུགས་པར་ ཐད་ཀར་དུ་ གདམ་ཁ་ཅན་གྱི་ ཁག་འབགཔ་ཚུ་ལུ་ བྱིན་དགོཔ་མ་ཚད་ རིན་བསྡུར་ཡང་ འབད་དགོཔ་མིན་འདུག་ཟེར་ ཁག་འབགཔ་ཚུ་གིས་ བཀོད་ཡོདཔ་ཨིན་པས།

དེ་བཟུམ་མའི་ ལམ་ལུགས་དེ་ བཀག་ཆག་མ་འབད་བ་ཅིན་ རྫོང་ཁག་གཞན་གྱིས་ཡང་ འབད་ནིའི་ཉེན་ཁ་ཡོདཔ་བཞིན་དུ་ ཁག་འབགཔ་ཚུ་གིས་ རྫོང་ཁག་གཞན་ཁའི་ རིན་བསྡུར་ལཱ་ཚུ་ནང་ བཅའ་མར་གཏོགས་མི་ཚུགས་ཟེར་ ཡི་གུའི་ནང་བཀོད་ནུག།

ཁག་འབགཔ་ཚུ་གིས་ གནད་དོན་དེ་ དེ་འཕྲོ་ལས་ འབྲུག་གི་ ཁག་འབགཔ་ཚོགས་སྡེ་གིས་ བལྟ་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན་པས།

ཁག་འབགཔ་ཚུ་གིས་འབད་བ་ཅིན་ ལམ་ལུགས་དེ་ དྭངས་གསལ་ག་དེ་སྦེ་འོང་ག་ཟེར་ དྲི་དཔྱད་འབད་བའི་ཁར་ གདམ་ཁ་ཅན་གྱི་ ཁག་འབགཔ་ཚུ་ལུ་ ལཱ་བྱིན་མི་དེ་ དྭངས་གསལ་མེདཔ་བཞིན་དུ་ ཁག་འབགཔ་ལ་ལོ་ཅིག་ འཕྲལ་ཁམས་ཅིག་ཁར་ རྒྱ་སྐྱེད་འབད་མི་ཚུ་ལུ་ཡང་ ལཱ་བྱིན་ཏེ་ འདུག་ཟེར་ཨིན་པས།

འབྲུག་གི་ཁག་འབགཔ་ཚོགས་སྡེའི་ བཀོད་ཁྱབ་མདོ་ཆེན་གྱིས་ ཚོགས་སྡེའི་བཀོད་ཚོགས་ཀྱི་ཁྲི་འཛིན་ ཞབས་ཏོག་བློན་པོ་ལུ་ ལམ་ལུགས་དེ་ལུ་ བར་འཛུལ་འབད་དགོ་པའི་ ཡི་གུ་བཙུགས་ཡོདཔ་ཨིན་པས།

ཡི་གུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གལ་སྲིད་ལམ་ལུགས་དེ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་པ་ཅིན་ ངན་ལྷད་དང་ ཆགས་སྡང་ཕྱོགས་རིས་ཞུགས་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།

ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ གནད་དོན་དེ་ བདེན་པ་ཨིན་པ་ཅིན་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་དང་ གྲོས་བསྟུན་འབད་འོང་ཟེར་ཨིན་པས།

སྤུ་ན་ཁ་རྫོང་ཁག་བཟོ་རིག་གཙོ་འཛིན་ པར་སུ་རམ་རའེ་གིས་ སླབ་མིའི་ནང་ རྫོང་ཁག་རིན་བསྡུར་ཚོགས་ཆུང་གིས་ རྫོང་ཁག་ནང་ ཐོ་བཀོད་འབད་མི་དང་ ཁག་འབགཔ་གི་ལཱ་ གྲུབ་འབྲས་ལེགས་ཤོམ་ཐོན་ ཁག་འབགཔ་ཚུ་ལུ་ ཨི་ཨེསི་བི་གི་ལཱ་ཚུ་ བྱིན་ནི་སྦེ་ ཐག་བཅད་ཡི་ཟེར་ཨིན་པས།

དེ་ཡང་ ཀོ་བིཌ་-༡༩ གནས་སྟངས་ཀྱིས་ མཁོ་སྒྲུབ་ཀྱི་ལཱ་བྱིན་ནིའི་ གཞུང་གི་མཁོ་སྒྲུབ་བཅའ་ཡིག་དང་འཁྲིལ་ཏེ་ཨིནམ་བཞིན་དུ་ ལཱ་ཚུ་ཡང་ སྤུ་ན་ཁ་རྫོང་ཁག་ནང་ ཁག་འབགཔ་གི་ ལཱ་འབད་མི་ཚུ་དང་ ལཱ་ལེགས་ཤོམ་མ་འབད་བའི་ དྲན་ཐོ་མེད་མི་ ཁག་འབགཔ་ཚུ་ལུ་ བྱིན་ཡི་ཟེར་ བཟོ་རིག་གཙོ་འཛིན་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤུ་ན་ཁ་རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཁག་འབགཔ་༡༠ ཡོད་མི་ལས་༧ གདམ་འཐུ་འབད་ཡོདཔ་ད་ ད་རེས་ འཆར་གཞི་༡༢ པའི་ ལོ་མཇུག་ཨིནམ་ལས་ འཕྲོ་མཐུད་མེདཔ་བཞིན་དུ་ ང་བཅས་ཀྱིས་ ལཱ་ཚུ་ག་ར་ དུས་ཚོད་ཁར་ མཇུག་བསྡུ་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།

པར་སུ་རམ་རའེ་གིས་ སླབ་མིའི་ནང་ རིན་བསྡུར་འབད་ཐོག་ལས་ ཁག་འབགཔ་ལུ་བྱིན་མི་ ལཱ་གི་ཉམས་མྱོང་དང་འཁྲིལ་བ་ཅིན་ ཁག་འབགཔ་ལ་ལོ་ཅིག་ དགོངས་གྲོལ་བཏང་པའི་ཁར་ ད་རེས་ ལ་ལོ་ཅིག་ དགོངས་གྲོལ་གཏང་ནིའི་ གནས་སྟངས་ནང་    ལྷོད་དེ་ཡོད་ཟེར་ཨིན་པས།

ན་ཧིང་ རྫོང་ཁག་ནང་འཁོད་ཀྱི་ ཁག་འབགཔ་ཚུ་གིས་ ལཱ་ཚུ་ གྲུབ་འབྲས་ཅན་ཅིག་སྦེ་ མཇུག་བསྡུ་ཡོདཔ་ད་ ལཱ་ཚུ་ རྫོང་ཁག་གཞན་ཁའི་ ཁག་འབགཔ་ཚུ་ལུ་ བྱིན་པའི་སྐབས་ འབྲེལ་བ་འཐབ་མ་ཚུགས་པའི་ཁར་ གྲོས་བསྟུན་དང་ ལྟ་རྟོག་ཡང་ འབད་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།

ཁག་འབགཔ་ཚུ་གིས་ དུས་ཚོད་ཁར་ ལཱ་མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ རྫོང་ཁག་གི་ ལོ་བསྟར་ལས་དོན་གན་ཡིག་ལུ་ ཐོ་ཕོགཔ་མས་ཟེར་ བཟོ་རིག་གཙོ་འཛིན་གྱིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *