རིན་ཆེན་སྡིངས་ལུ་ ཁབ་ཏོག་མེད་མི་ཆུ་མཛོད།

རིན་ཆེན་སྡིངས་ལྷ་ཁང་ནང་ འཐུང་ཆུའི་དཀའ་ངལ་ སྦོམ་ར་ཐོན་ཏེ་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ རིན་ཆེན་སྡིངས་ལྷ་ཁང་ནང་ འཐུང་ཆུ་མེད་པའི་དཀའ་ངལ་ཐོན་ཡོད་མི་དེ་ཡང་ ཆུ་མཛོད་ནང་ ཆུ་ཡོད་རུང་ ལྷ་ཁང་གི་དོན་ལུ་ཨིན་མི་ ཆུ་མཛོད་ནང་ ཆུ་མེདཔ་ཨིན་པས།
ལྷ་ཁང་གི་གཙོ་འཛིན་ བླམ་ཀརྨ་གིས་ བཤད་མིའི་ནང་ འཐུང་ཆུའི་དཀའ་ངལ་ཐོན་ཏེ་ དུས་ཡུན་རིངམོ་སྦེ་ ཡར་སོ་ཡི་ཟེར་ཨིནམ་ད་ ས་མཚམས་ཕྱི་ཁའི་མི་ཚུ་ ལྷ་ཁང་ནང་འོང་སྟེ་ ཆབ་གསང་དང་ ཆུ་གི་མཐུན་རྐྱེན་ཚུ་ འཚོལ་དོ་ཡོདཔ་ལས་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ གྱུར་ཡོད་ཟེར་ བཤདཔ་ཨིན་པས།
བླམ་གིས་འབད་བ་ཅིན་ ཆུའི་དཀའ་ངལ་ཐོན་ཏེ་ ལོ་༨ དེ་ཅིག་ ལང་དོ་ཟེར་ཨིནམ་ད་ ཁྲོམ་སྡེ་གིས་ ལྷ་ཁང་གི་ ཆུ་མཛོད་ལུ་ ཆུ་བཀྲམ་སྤེལ་འབད་ནི་ཡོད་རུང་ ཟད་འགྲོ་སྦོམ་གནས་པའི་ཁར་ ཆུ་ལང་མ་ཚུགསཔ་ལས་ བཀག་ཆ་འབད་ཡི་ཟེར་ བཤདཔ་ཨིན་པས།
སྤྱི་ལོ་༡༩༦༧ ལུ་བཞེངས་མི་ རིན་ཆེན་སྡིངས་ལྷ་ཁང་དེ་ ས་མཚམས་ཀྱི་ ཕྱི་ཁ་ལས་ ཉིན་བསྟར་བཞིན་དུ་ མི་བརྒྱ་ལས་བཅད་དེ་འོང་སའི་ ས་གོ་ཅིག་ཨིནམ་ད་ ལྷ་ཁང་དེ་ནང་ དགེ་སློང་ཞལ་གྲངས་༢༣ ཡོདཔ་ཨིན་པས།
བླམ་ཀརྨ་གིས་ བཤད་མིའི་ནང་ རིན་ཆེན་སྡིངས་ལུ་ཡོད་མི་ ཆུ་མཛོད་དེ་ ཁབ་ཏོག་མེད་པར་ བཞག་ཡོདཔ་བཞིན་དུ་ ཆུ་མཛོད་ཀྱི་ནང་ན་ ཕྱགས་སྙིགས་ཚུ་ཡོད་པའི་ པར་བཏབ་སྟེ་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ གསལ་སྟོན་འབད་རུང་ ག་ནི་ཡང་ འབད་ནི་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷ་ཁང་ནང་ ཉིན་བསྟར་བཞིན་དུ་ མཆོདཔ་ཕུལ་ནིའི་དོན་ལུ་ཡང་ ཆུ་རྐ་སོ་སོ་ལས་ འབག་འོང་དོ་ཟེར་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ ཆུའི་དཀའ་ངལ་སེལ་ཐབས་ལུ་ ཟད་འགྲོ་གཏང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
རིན་ཆེན་སྡིངས་ཀྱི་ དཀའ་ངལ་སེལ་ཐབས་ལུ་ ས་འོག་ཆུ་བཏོན་ནིའི་ ཐབས་ལམ་སྒྲིག་སྟེ་ཡོད་མི་དེ་ འཕྲལ་མགྱོགས་ར་ མཇུག་བསྡུ་ནི་ཨིནམ་ལས་ དཀའ་ངལ་སེལ་ཚུགས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཁྲོམ་དཔོན་ཨུ་ཏར་ ཀུ་མར་རའི་གིས་ སླབ་མིའི་ནང་ དཀའ་ངལ་དེ་ གཙོ་བོ་ར་ བཟོ་སྐྲུན་འབད་མི་ ཡར་སེང་འགྱོ་བའི་ཁར་ བཟོ་སྐྲུན་ས་ཁོངས་ཚུ་གིས་ འཐུང་ཆུ་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ བྱུང་ནུག་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་འབད་བ་ཅིན་ ཁྲོམ་སྡེ་ནང་ ལས་འགུལ་ཆུང་བ་ བཟོ་སྐྲུན་འབད་མི་དང་ ད་རིས་བཟུམ་མའི་ དུས་ཚོད་ནང་ ཆུ་རུད་དང་ ས་རུད་ཆད་མི་དེ་གིས་ འཐུང་ཆུའི་ཆུ་དུང་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ གློག་མེ་བརྟན་ཏོག་ཏོ་མེད་པའི་སྐབས་ལུ་ཡང་ དཀའ་ངལ་ཐོནམ་ཟེར་ཨིན་པས།
དཀའ་ངལ་དེ་ མི་ཚུ་གི་ རེ་འདོད་ལྟར་ དེ་འཕྲོ་ལས་ བསལ་མ་ཚུགས་མི་དེ་ཡང་ ལས་འགུལ་དེ་གི་དོན་ལུ་ འཁོར་ལམ་དགོ་པའི་ཁར་ རིན་བསྡུར་ཚུ་ འབད་དགོཔ་ལས་ དུས་ཚོད་འགོརཝ་མས་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
ཨིན་རུང་ དཀའ་ངལ་དེ་ སེལ་འོང་ཟེར་ཨིནམ་ད་ ལས་འགུལ་ཆུང་བ་ཁག་མ་འདྲཝ་ཚུ་ འགོ་བཙུགས་ཏེ་ཡོདཔ་ལས་ དེ་གིས་ ས་གནས་ཀྱི་ འཆར་གཞི་ས་ཁོངས་༡༡ ལུ་ དུས་རྒྱུན་གྱི་འཐུང་ཆུ་ བཀྲམ་སྤེལ་འབད་ཚུགས་ཟེར་ བཤདཔ་ཨིན་པས།
ཁྲོམ་སྡེ་གིས་ འཐུང་ཆུ་བཀྲམ་སྤེལ་གྱི་ ལས་སྣའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༥ དེ་ཅིག་ ཟད་འགྲོ་བཏང་ཡོད་མི་དེ་ཡང་ ས་གནས་ཀྱི་ འཆར་གཞི་ས་ཁོངས་༡༡ ག་རའི་ནང་ བཀྲམ་སྤེལ་འབད་ནིའི་དོན་ལུ་ཨིན་པས།
ཕུན་ཚོགས་ཁྲོམ་སྡེ་ལུ་ འཆར་གཞི་༡༢ པའི་ནང་ འཐུང་ཆུའི་དོན་ལུ་ འཆར་དངུལ་དངུལ་ཀྲམ་ས་ཡ་༢༣༥.༩༠ བཞག་ཡོད་མི་ཚུ་ འཐུང་ཆུ་དང་ ཕྱགས་སྙིགས་འཛིན་སྐྱོང་ཞབས་ཏོག་ དེ་ལས་ ས་ཀྲག་ཀྲ་འབད་མི་ ཕྱགས་སྙིགས་འཛིན་སྐྱོང་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
དེ་མ་ཚད་ དུས་ཅི་ལོའི་ དམིགས་བསལ་འཆར་གཞིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༦.༨༢ བཞག་སྟེ་ཡོདཔ་ད་ ཨ་མོ་ཆུ་དང་ཨོམ་ཆུ་ དེ་ལས་ བར་ས་ཆུ་གསུམ་ནང་ ཆུ་འཛོད་རྐྱབ་ནིའི་ ལས་འགུལ་གྱི་ ས་འཇལ་དང་ བཟོ་བཀོད་ཀྱི་ལཱ་ཚུ་ བཟོ་ནི་ཨིནམ་ལས་ དེ་གིས་ ས་གནས་ས་ཁོངས་འཆར་གཞི་༡༡ ག་ར་ ཁྱབ་ཚུགས་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *