བཀྲིས་གཡང་རྩེ་ རིགས་གསུམ་དགོན་པ།

རིགས་གསུམ་དགོན་པའི་ལྷ་ཁང་ འཕྲལ་མགྱོགས་ར་ ཉམས་གསོ་ཞུ་ནི།

༉ རྒྱལ་ཁབ་ནང་ ཡོངས་གྲགས་ཅན་གྱི་ བཀྲིས་གཡང་རྩེ་རིགས་གསུམ་དགོན་པའི་ ལྷ་ཁང་དེ་ འཕྲལ་མགྱོགས་ར་ ཉམས་གསོ་ཞུ་ནི་ཨིནམ་ལས་ དགོན་སྡེ་ནང་སྡོད་མི་ དགེ་སློང་ཚུ་ ཚ་གྱང་ལང་མི་དགོ་ནི་ཨིན་པས།

ད་རེས་ནངས་པར་ ལས་འགུལ་འགོ་བཙུགས་ནིའི་དོན་ལུ་ གྲ་སྒྲིག་འབད་བསྒང་ཡོདཔ་ཨིན་པས།

ལྷ་ཁང་དེ་ ད་རེས་ ཤིང་གིས་ཏོག་རྐྱབ་སྟེ་ཡོདཔ་མ་ཚད་ དགེ་སླེང་ཚུ་སྡོད་སའི་ གྲྭ་ཤག་ཡང་ རྙིངམ་ཐལ་བའི་ཁར་ མཐུན་རྐྱེན་གཞན་ ག་ནི་ཡང་མེདཔ་ཨིན་པས།

ལྷ་ཁང་དེ་ འབྲུག་ཤར་ཕྱོགས་ སྟོད་ཁ་ཐུག་གི་དོན་ལུ་ གཙོ་བོ་ཅིག་ཨིན་པས།

སྤྱི་ལོ་༢༠༠༤ ལུ་ ཉམས་གསོ་ཞུ་ཚར་ཏེ་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ རབ་གནས་མཛད་ཡོདཔ་ཨིན་པས།

བླམ་པདྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ དེ་ཅིག་ཁར་ ས་ཡོམ་ཤུགས་ཅན་རྐྱབ་པའི་ཤུལ་ལས་ ལྷ་ཁང་གི་བྱང་གུ་ སེར་གུ་ཐོན་པའི་ཁར་ ལྷ་ཁང་སྦོམ་སྦེ་ར་ ཉམས་ཆག་ཤོར་ཡི་ཟེར་ཨིནམ་ད་ ད་རེས་ རྩ་བ་ལས་ར་ ཉམས་གསོ་ཞུ་ནི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལྷ་ཁང་དེ་ ཏོག་རྐྱབ་ཡོདཔ་ལས་ རམ་འགྱོ་ནིའི་ཉེན་ཁ་ཡོད་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རིགས་གསུམ་དགོན་པ་ལུ་བྱོནམ་ད་ ཉམས་གསོ་ཞུ་དགོ་པའི་ བཀའ་སློབ་གནང་མི་དང་བསྟུན་ སྲོལ་འཛིན་ལས་ཁུངས་ཀྱིས་ ཉམས་གསོ་ཞུ་ནི་ཟེར་ཨིན་པས།

རིགས་གསུམ་དགོན་པ་དེ་ རྒྱལ་རབས་ནང་ཚུད་པའི་ ལྷ་ཁང་ཅིག་ཨིནམ་མ་ཚད་ ནང་རྟེན་རྩ་ཅན་ཚུ་ མི་ཉམས་རྒྱུན་སྐྱོང་འཐབ་ནི་དང་ སངས་རྒྱས་ཀྱི་བསྟན་པ་ དར་ཞིང་རྒྱས་ནི་ལུ་ ཁག་ཆེ་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཀྱི་དོན་ལུ་ བཞེངས་ཡོདཔ་ལས་ རྩ་ཅན་ཅིག་ཨིན་ཟེར་ བླམ་པདྨ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།

བླམ་གིས་བཤད་མིའི་ནང་ གྲྭ་ཤག་དང་ བླ་མའི་གཟིམ་ཅུང་ ལྟོ་བཟའ་ཁང་དང་སློབ་ཁང་ མགྲོན་ཁང་ མགོན་ཁང་ དེ་ལས་ གསང་སྤྱོད་ལ་སོགས་པ་ཚུ་ རྐྱབ་ནིའི་གྲོས་འཆར་བཙུགས་ཏེ་ ཡོད་ཟེར་ཨིན་པས།

ནང་རྟེན་གཙོ་བོ་ ཇོ་བོ་ཤཱཀྱ་མུ་ནེ་གིས་མ་ཚད་པར་ གཏེར་མ་ལེ་ཤ་ཡོདཔ་ལས་ དེ་ཚུ་བསིལ་དྲོད་དང་ལྡནམ་སྦེ་ བཞག་ཐབས་ལུ་ དཔེ་མཛོད་ཁང་ཅིག་རྐྱབ་ནི་ཟེར་ཨིན་པས།

ཉམས་གསོའི་ལཱ་ཚུ་ འགོ་བཙུགས་ནིའི་དོན་ལུ་ ལས་མི་༢༠ དེ་ཅིག་ ལྷོད་དེ་ཡོདཔ་ད་ ད་ལྟོ་ གྲ་སྒྲིག་རྐྱབ་པའི་བསྒང་ཡོདཔ་བཞིན་དུ་ ཅ་ཆས་སྐྱེལ་འདྲེན་གྱི་དོན་ལུ་ ལྕགས་ཐག་ལག་ལེན་འཐབ་ནི་ཨིན་པས།

ལས་འགུལ་འཛིན་སྐྱོང་པ་ བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ད་ལྟོའི་ལྷ་ཁང་དེ་ རྩ་བ་ལས་ བཤིག་གཏང་ཞིནམ་ལས་ འཆར་གཞི་༡༢ པའི་ནང་འཁོད་ ལཱ་ཚུ་ མཇུག་བསྡུ་ཚུགསཔ་འབད་ནི་ཟེར་ཨིནམ་ད་ གྲྭ་ཤག་དང་ དཔེ་མཛོད་ཁང་ལ་སོགས་པ་ཚུ་ འཆར་གཞི་༡༣ པའི་ནང་ འགོ་བཙུགས་ནི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ས་ཁོངས་གོང་འཕེལ་དང་ གློག་མེ་བཙུགས་ནི་ དེ་ལས་ ཉེན་སྐྱོབས་ཅ་ཆས་ཚུ་ གཞི་བཙུགས་འབད་ནི་ཟེར་ཨིན་པས།

ལས་འགུལ་དེ་ འཆར་གཞི་༡༣ པའི་ རྩིས་ལོ་༢༠༢༤-༢༠༢༥ འི་ནང་འཁོད་ མཇུག་བསྡུ་ཚུགས་པའི་རེ་བ་ཡོདཔ་ད་ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༡༧༦ ཐོག་ལས་ ཉམས་གསོ་ཞུ་ནི་ཨིན་པས།

བླམ་པདྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ མི་སེར་དང་ རྫོང་ཁག་གིས་ ལྷ་ཁང་གི་བཟོ་བཀོད་སྦེ་ བཞེངས་དགོ་པའི་ཞུ་བ་ཕུལ་རུང་ སྤྱི་ལོ་༢༠༠༡ གི་ཧེ་མར་ ག་བཟུམ་ཡོདཔ་ཨིན་ན་ དེ་བཟུམ་སྦེ་ར་ བཞེངས་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།

རིགས་གསུམ་དགོན་པའི་ལྷ་ཁང་དེ་ རྗེ་མཁན་ཁྲི་རབས་༩ པ་ རྒྱལ་བ་ཤཱཀྱ་རིན་ཆེན་(༡༧༤༤-༡༧༥༥) གྱི་དངོས་སློབ་ བླམ་ཚེ་རིང་རྒྱ་མཚོ་གིས་ ད་ལྟོའི་ལྷ་ཁང་ཡོད་ས་ལས་ དུས་ཡུན་སྐར་མ་དག་པ་ཅིག་གི་ ས་ཁར་ཡོད་མི་ལྷ་ཁང་དེ་ བཞེངས་གནང་ཡོདཔ་ད་ དེའི་ཤུལ་ལས་ ཁོ་གི་སློབ་མ་ བླམ་བྱང་ཆུབ་རྒྱལ་མཚན་གྱིས་ རྒྱ་སྐྱེད་འབད་དེ་ ཉམས་གསོ་ཞུ་ཡོདཔ་ཨིན་པས།

དེ་ལས་ རྗེ་མཁན་ཁྲི་རབས་༡༣ པ་ རྗེ་ཡོན་ཏན་མཐའ་ཡས་ཀྱིས་ བླམ་ངག་དབང་བློ་གྲོས་དེ་ རིགས་གསུམ་དགོན་པའི་བླམ་༣ པ་སྦེ་ བསྐོ་བཞག་གནང་པའི་ཤུལ་ལས་ བླམ་ངག་དབང་བློ་གྲོས་ཀྱིས་ ད་ལྟོའི་ལྷ་ཁང་དེ་ གསརཔ་བཞེངས་ཡོདཔ་ཨིན་པས།

ལྷ་ཁང་གི་ནང་རྟེན་ ཇོ་བོ་ཤཱཀྱ་མུ་ནེ་དེ་ བླམ་གིས་ སྤུ་ན་ཁ་ལས་ གདན་འདྲེན་ཞུ་ཡོདཔ་བཞིན་དུ་ བོད་ལྷ་ས་གི་ ཇོ་བོ་སྐུ་འདྲ་སྦེ་བཞེངས་ཡོདཔ་ད་ རིགས་གསུམ་དགོན་པའི་བླམ་༥ པ་ ཤཱཀྱ་རྒྱལ་པོ་ལུ་ ཇོ་བོ་གིས་ གསུང་བྱོན་ཡོད་པའི་ ལོ་རྒྱུས་ཚུ་ཡོདཔ་ཨིན་པས།

བོད་ལྷ་ས་གི་ ཇོ་བོ་དེ་ མཇལ་མ་ཚུགས་རུང་ རིགས་གསུམ་དགོན་པའི་ ཇོ་བོ་མཇལ་བ་ཅིན་ བྱིན་རླབས་དང་ དངོས་གྲུབ་ཅོག་འཐད་ཟེར་བའི་ ཡིད་ཆེས་བསྐྱེདཔ་ཨིན་པས།

རིགས་གསུམ་དགོན་པའི་ལྷ་ཁང་དེ་ མཐོ་ཚད་མི་ཊར་༢༥༠༠ ལས་༣༠༠༠ གི་བར་ན་ རི་གུ་ལུ་ཆགས་ཡོདཔ་ད་ འབུམ་སྡེ་གླིང་རྒེད་འོག་ལྟེ་བ་ལས་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༣ དང་༤ འི་བར་ན་ འགྱོ་དགོཔ་ཨིན་པས།
སྐུ་རྟེན་ཇོ་བོ་དེ་ ཁྲི་རབས་༤ པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྐབས་ ལག་བཟོ་མཁས་པ་ པནྩ་བདེ་བ་གིས་ བཞེངས་ཡོད་པའི་ ལོ་རྒྱུས་ཡོདཔ་ཨིན་པས།

རིགས་གསུམ་དགོན་པའི་ལྷ་ཁང་དེ་ ཤར་ཕྱོགས་རྫོང་ཁག་ནང་ དགོན་འཛིན་གྲྭ་ཚང་༤ ཡོད་པའི་གྲས་ལས་༡ ཨིནམ་ད་ དེ་རེས་ དགེ་སློང་ཞལ་གྲངས་༤༥ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *