མཐའ་འཁོར་གནས་སྟངས་དང་མཐུན་པའི་ རྐང་ལམ་བདའ་སྟེ་ ངལ་འཚོ་སའི་ ས་གོ་ཚུ་ཡང་ བཟོ་སྟེ་ཡོདཔ་ཨིན་པས།

རི་བཤལ་འགྱོ་ནི་ལུ་ སྤྲོ་བ་ཡོད་མི་ཚུ་གི་དོན་ལས་རྐང་ལམ་བསལ་ཡོདཔ།

༉ བཀྲིས་སྒང་ཁྲོམ་ལས་ རི་བཤལ་འགྱོ་ནི་ལུ་ སྤྲོ་བ་ཡོད་མི་ཚུ་གི་དོན་ལས་ བཀྲིས་སྒང་ནགས་ཚལ་ཡིག་ཚང་གིས་ རྫོང་ཁག་ཁྲིམས་འདུན་གྱི་ལྟག་ལས་ བསམ་མཁར་གཡུས་ཚན་ཚུན་ རྐང་ལམ་ཅིག་ བསལ་ཡོདཔ་ཨིན་པས།

རྐང་ལམ་གྱི་མིང་ཡང་ ཤིང་ཊ་ལ་སྐལ་བཟང་རྐང་ལམ་ཟེར་ བཏགས་ཡོདཔ་ད་ རྐང་ལམ་དེ་ ར་དབང་ཀོ་ལས་འགོ་བཙུགས་ བསམ་མཁར་གཡུས་ཚན་གྱི་བར་ན་ ཀི་ལོ་མི་ཊར་༣.༤ ཡོདཔ་ཨིན་པས།

རྐང་ལམ་བདའ་འགྱོ་བའི་སྐབས་ བཀྲིས་སྒང་ཁྲོམ་གྱི་ ལུང་གཤོང་དང་ རྫོང་ དེ་ལས་ ཡང་གཉེར་རྒེད་འོག་གི་གཡུས་ཚན་ དེ་བཟུམ་སྦེ་ དགྲ་མེད་རྩེ་རྒེད་འོག་གི་གཡུས་ཚན་ཚུ་ མཐོངམ་ཨིན་པས།

རྐང་ལམ་དེ་ རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་མི་ཊར་༡,༢༢༠དེ་ཅིག་ཁ་ལས་ སྟོང་ཕུག་ཤིང་ནང་ལས་ ཡར་འཛེགས་འགྱོཝ་ད་ ནགས་ཚལ་སྟུག་དྲགས་ཅིག་ནང་ ལྷོདཔ་ཨིན་པས།

རྐང་ལམ་བདའ་སྟེ་འགྱོ་བའི་སྐབས་ མཐོང་གསལ་ཆེ་བའི་ཁར་ ངལ་འཚོ་སའི་ཁྱིམ་ཡང་ བཟོ་སྟེ་འདུག།

བཀྲིས་སྒང་རྫོང་ཁག་གི་ ནགས་ཚལ་སྡེ་ཕྲན་ཡིག་ཚང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ འབྲུག་སྟག་ཉམས་སྲུང་ལྟེ་བའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ས་གནས་ཀྱི་མི་སེར་ཚུ་གིས་ རྐང་ལམ་བསལ་ཡི་ཟེར་ཨིནམ་ད་ བསམ་མཁར་མི་སེར་ཚུ་གིས་ ལག་ལེན་འཐབ་མི་ རྐང་ལམ་ཅིག་ཨིན་ཟེར་ཨིན་པས།

རྐང་ལམ་བསལ་དགོ་པའི་ གནད་དོན་དེ་ཡང་ གཅན་གཟན་སྟག་ཉམས་སྲུང་འབདཝ་དང་གཅིག་ཁར་ མི་སྡེ་ལུ་ ཕན་ཐོགས་འབྱུང་ཐབས་ལུ་དམིགས་ཏེ་ རྐང་ལམ་བསལ་ཡི་ཟེར་ ནགས་ཚལ་འགོ་དཔོན་ཅིག་གིས་ བཤད་པའི་ཁར་ རྐང་ལམ་དེ་ ཁྲོམ་ཁར་སྡོད་མི་ཚུ་ ལུས་སྦྱོང་འབད་ས་ཅིག་ལུ་གྱུར་ཏེ་ ཡོད་ཟེར་ཨིན་པས།

རྐང་ལམ་དེ་ བསམ་མཁར་མཁོ་ཆེ་གི་ རིགས་བརྒྱུད་ཚུ་ ཕར་ཚུར་འགྱོ་སའི་ རྐང་ལམ་ཅིག་ཨིན་པའི་ཁར་ དང་ཕུ་ལས་ར་ ཚོང་འབྲེལ་གྱི་དོན་ལུ་ ལག་ལེན་འཐབ་མི་ རྐང་ལམ་ཅིག་ཨིན་པས།

བཀྲིས་སྒང་ཁྲོམ་དེ་ གོ་དོག་དྲགས་ཡོདཔ་ལས་ ཁྲོམ་ཁར་སྤྲོ་གསེང་གྱི་དོན་ལུ་ མཐུན་རྐྱེན་མེདཔ་ལས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ཨིནམ་ད་ རྐང་འཁོར་གཏང་ནི་ལུ་ སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ཡང་ཨིན་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

ནགས་ཚལ་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ རྐང་ལམ་དེ་ བསམ་མཁར་གྱི་མི་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ བཀྲིས་སྒང་ལུ་སྡོད་མི་ཚུ་གིས་འབད་རུང་ ཕྱི་རུ་ལུས་སྦྱོང་འབད་ནིའི་དོན་ལུ་ ལག་ལེན་འཐབ་སྟེ་ཡོད་ཟེར་ཨིན་པས།

སོ་ནམ་པ་ སྐལ་བཟང་ནོར་བུ་གིས་ སླབ་མིའི་ནང་ ཧེ་མར་ རྐང་ལམ་རྒྱ་ཆུང་ཀུ་ཡོད་པའི་ཁར་ རྐང་སྟོང་སྦེ་འགྱོ་བའི་སྐབས་ ལམ་ལེགས་ཤོམ་མེད་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ བྱག་གུ་ལས་བུད་ནིའི་ ཉེན་ཁ་ཡང་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མར་ དུས་ཡུན་ཆུ་ཚོད་༡ དེ་ཅིག་འགོར་མི་དེ་ ད་རེས་ དུས་ཡུན་ཆུ་ཚོད་ཕྱེད་ཀ་ལུ་ བཀྲིས་སྒང་ཁྲོམ་ཁར་ ལྷོད་ཚུགས་པས་ཟེར་ཨིན་པས།

རྐང་ལམ་ལེགས་ཤོམ་ཡོད་མི་ལུ་བརྟེན་ ཁྲོམ་ཁར་སྡོད་མི་ཚུ་གིས་འབད་རུང་ ངལ་གསོའི་སྐབས་ བཟའ་ཚང་འཁྱིད་དེ་ མཛར་ཅུམ་བཟའ་བར་ འོང་ནི་འདུག་ཟེར་ཨིནམ་ད་ ཁྲོམ་ཁར་སྡོད་མི་ལ་ལོ་ཅིག་གིས་ གཡུས་ཁར་ལྷོད་ནི་ཡོད་ཟེར་ སྐལ་བཟང་ནོར་བུ་གིས་སླབ་ཨིན་པས།

སྐྱེས་ལོ་༤༨ ལང་མི་ ཡེ་ཤེས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ རྐང་ལམ་དེ་གིས་ བསམ་མཁར་གཡུས་ཚན་གྱི་ ཁྱིམ་གུང་༣༥ ལྷགཔ་ཅིག་ལུ་ ཕན་ཐོགས་ཡོད་ཟེར་ཨིནམ་ད་ རྐང་ལམ་ལུ་བརྟེན་ སོ་ནམ་གྱི་ཐོན་སྐྱེད་བཙོང་ནི་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་ཨིན་པས།

རྐང་མ་བདའ་སྟེ་ རི་དྭགས་སེམས་ཅན་ གཟིག་དང་ ཀ་ཤ་ ཤཝ་ལ་སོགས་པ་ཚུ་ཡོད་པའི་ཁར་ བྱ་རིགས་མ་འདྲཝ་༦༠ལྷགཔ་ཅིག་དང་ ཕྱེམ་ལའི་རིགས་༣༧ ལྷགཔ་ཅིག་ མཐོང་ཚུགས་དོ་ཡོདཔ་ཨིན་པས།

རྐང་ལམ་བདའ་སྟེ་ བྱ་རིགས་མ་འདྲཝ་ཚུ་ མཐོང་དོ་ཡོདཔ་བཞིན་དུ་ བྱ་རིགས་བལྟ་ནི་ལུ་ སྤྲོ་བ་ཡོད་མི་ཚུ་གི་དོན་ལས་ ས་ཁོངས་དྲག་ཤོས་ཅིག་ཨིནམ་མ་ཚད་ ཕྱེམ་ལ་དང་ སེམས་ཅན་གཞན་ཡང་ ལེ་ཤ་ར་མཐོང་ཚུགས་ཟེར་ ནགས་ཚལ་འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

བསམ་མཁར་རྒཔོ་ འཇམ་དབྱངས་ཀྱིས་ སླབ་མིའི་ནང་ བསམ་མཁར་གཡུས་ཚན་དེ་ བྱ་རིགས་མ་འདྲཝ་ཡོད་པའི་ ས་ཁོངས་ཅིག་ཨིནམ་ལས་ ལྟ་བཤལ་པའི་དོན་ལུ་ འོས་འབབ་ཡོད་ཟེར་ཨིནམ་ད་ ལྟ་བཤལཔ་འོང་ས་ཅིག་སྦེ་ བཟོ་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ བསམ་མཁར་གཡུས་ཚན་ནང་ ཚོད་བསྲེའི་ཐོན་སྐྱེད་མངམ་འབད་ནི་ལུ་ གཙོ་རིམ་བཟུང་དོ་ཡོདཔ་མ་ཚད་ ས་གནས་ཅིག་ཡང་ ངོས་འཛིན་འབད་དེ་ ལུས་སྦྱོང་གི་དོན་ལུ་བཟོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

ནགས་ཚལ་སྡེ་ཕྲན་གྱིས་ རྐང་ལམ་རྒྱ་ཚད་ མི་ཊར་༡.༥ བསལ་ཡོདཔ་ད་ དེ་ཡང་ གྱེན་འཛེགས་མ་དགོཔ་སྦེ་ བསལ་ཡོདཔ་བཞིན་དུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༧ བཏང་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *