བཟའ་གྲོགས་ཆོས་ཉིད་དང་ གསང་སྔགས་༢ ཀྱིས་ ཁོང་རའི་ཀེ་བ་ཞིང་ སྲུང་པའི་བསྒང་།

རི་དྭགས་སེམས་ཅན་ཚུ་གིས་ གྲོང་གསེབ་མི་སེར་ཚུ་ལུ་ དཀའ་སྡུག་བྱིན་དོ་ཡོདཔ།

༉ གྲོང་གསེབ་ཀྱི་ བཟའ་གྲོགས་སམ་ བཟའ་ཚང་༡ གིས་ དུས་ཡུན་ཆུད་ཚོད་༢༤ གི་རིང་ ལཱ་འབད་མི་ལུ་བརྟེན་ ཉིན་ནུབ་ཡང་ དབྱེ་བ་ཕྱེ་མ་ཚུགས་པའི་ གནས་སྟངས་ལུ་ གྱུར་སོ་ནུག།

དེ་ཡང་ མོང་སྒར་དགྲ་མེད་རྩེ་རྒེད་འོག་ བཟང་མཁར་གཡུས་ཚན་ནང་ སྐྱེས་ལོ་༤༥ ལང་མི་ ཆོས་ཉིད་དང་ མོ་རའི་རྨགཔ་ སྐྱེས་ལོ་༥༥ ལང་མི་ གསང་སྔགས་ཀྱི་ དུས་ཚོད་མང་ཤོས་ར་ ས་ཞིང་གླང་དོ་༡ ལས་ལྷག་མེད་མིའི་ནང་ རྫོགས་དོ་ཡོདཔ་ཨིན་པས།
བཟའ་གྲོགས་ལུ་ སོ་ནམ་གྱི་ལཱ་ རྫོགས་ནི་མེདཔ་སྦེ་ འབག་དགོཔ་ཐོན་མི་དེ་ཡང་ དྲོ་མཛར་ཟ་ཞིནམ་ལས་ ཉིན་མར་ ཁོང་རའི་ཞིང་ལཱ་དང་ རེ་ཚེ་སྐབས་ ཁྱིམ་ཚང་ཚུ་གི་ ཞིང་ལཱ་འབད་བར་ འགྱོ་དོ་ཡོདཔ་ད་ ཕྱི་རུའི་ཆུ་ཚོད་༨ ལས་ དྲོ་པའི་ཆུ་ཚོད་༥ ཚུན་ ཁྱིམ་གྱི་གདོང་ཕྱོགས་ལུ་ ས་ཞིང་གླང་དོ་༡ ནང་ ལོ་ཐོག་ཀེ་བ་དང་ གེ་ཟ་འཛུགས་སྐྱོང་འབད་མི་ཚུ་ སྲུང་སྡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ མཐའ་ཟུར་ས་གནས་གཞན་ཚུ་ནང་བཟུམ་སྦེ་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ བཟང་མཁར་གྱི་ སོ་ནམ་པ་ཚུ་ཡང་ བཞེས་སྒོ་ཟ་རུང་བཅུད་མེད་ ཉལ་རུང་གཉིད་མེད་པའི་ སྡུག་བསྔལ་ཐོག་ལུ་སྡོད་སར་ མཐོང་གསལ་བྱུངམ་ཨིན་པས།
ཨ་ལོ་༦ གི་ཨའི་ ཆོས་ཉིད་ཀྱིས་ སླབ་མིའི་ནང་ ས་ཞིང་ནང་ ལོ་ཐོག་འཛུགས་སྐྱོང་འབད་ནི་ལས་ འགོ་བཙུགས་ཏེ་ ཐོན་སྐྱེད་མ་བསྡུ་ཚུན་ཚོད་ ཉིན་ནུབ་དབྱེ་བ་ཕྱེ་མ་ཚུགསཔ་སྦེ་ སྡོད་དགོཔ་བྱུངམ་མས་ཟེར་ཨིན་པས།


དགྲ་མེད་རྩེ་རྒེད་འོག་ནང་ དངུལ་ཐོག་གཙོ་བོ་དེ་ར་ ཀེ་བ་ཨིནམ་ད་ ཆོས་ཉིད་ཀྱིས་འབད་བ་ཅིན་ མོ་གི་ཞིང་ནང་ ཀེ་བ་འཛུགས་སྐྱོང་འབད་དེ་ ཟླཝ་༣ ལངམ་ད་ རི་ཕག་དང་ ཀ་ཤ་ དེ་ལས་ བྱི་ཐུར་ཚུ་གིས་ གནོདཔ་བཀལ་ཡོདཔ་མ་ཚད་ རི་ཕག་ཚུ་གི་ཚར་༣ གནོདཔ་བཀལཝ་ད་ གེ་ཟ་ཚུ་ཡང་ མེདཔ་བཏང་ཡི་ཟེར་ཨིན་པས།
གསང་སྔགས་ཀྱིས་ སླབ་མིའི་ནང་ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ ནུབ་མོ་ཆརཔ་རྐྱབ་པའི་སྐབས་ རི་ཕགཔ་སྡེ་ཚན་ཅིག་ ཞིང་ནང་འཛུལ་ཏེ་ ཀེ་བའི་ཐོན་སྐྱེད་ཕྱེད་ཀ་ཅིག་ ཟ་ཚར་ནུག་ཟེར་ཨིན་པས།
བཟའ་གྲོགས་ཀྱིས་འབད་བ་ཅིན་ རེ་ཚེ་སྐབས་ ནུབ་མོར་ལོ་ཐོག་བསྲུང་པར་ འགྱོ་མ་ཚུགསཔ་ད་ ཞིང་གི་མཐའམ་བདའ་སྟེ་ གློག་མེ་བཏེགས་བཞགཔ་མ་ཚད་ ཞིང་ནང་ ལོ་ཐོག་བསྲུང་ནིའི་དོན་ལུ་བཟོ་མི་ སྦ་སྒོར་ནང་ ཐགཔ་སྤྲིངས་ཏེ་ བཞག་མི་ལས་ ཐགཔ་འཐེནམ་ད་ ལྕགས་ཊིན་གྱི་ སྐད་རྐྱབ་རུང་ རི་ཕག་ཚུ་ལུ་ འདྲོག་ནི་མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཞིང་ནང་ཡོད་མི་ སྦ་སྒོར་ནང་ ནུབ་མོར་གཉིད་མ་ལོག་པར་ སྡོད་པ་ཅིན་རྐྱངམ་གཅིག་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ སྲུང་ཚུགས་པས་ཟེར་ ཆོས་ཉིད་ཀྱིས་ བཤད་པའི་ཁར་ གལ་སྲིད་ ལོ་ཐོག་སྲུང་པར་ ལྷོད་མ་ཚུགས་པ་ཅིན་ རི་ཕག་ཚུ་གིས་ མི་མེདཔ་ཤེས་ཏེ་ ཕོཝ་མ་གང་ཚུན་ ཀེ་བ་སློང་ཟཝ་མས་ཟེར་ སླབ་ཨིན་པས།
བཟའ་ཚང་༢ ལུ་ དངུལ་ཐོག་འོང་འབབ་ཟེར་རུང་ ཀེ་བའི་ཐོན་སྐྱེད་མ་གཏོགས་ གཞན་མེདཔ་ད་ གལ་སྲིད་ ཀེ་བ་ཞིང་མ་བསྲུང་པར་ བཞག་པ་ཅིན་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་༤ གི་ ཟད་འགྲོ་གཏང་ཐབས་མེདཔ་ཨིན་པས།
ད་རུང་ གཡུས་ཚན་དེ་ནང་ར་ སྐྱེས་ལོ་༦༡ ལང་མི་ ཡེ་ཤེས་དབང་མོ་དང་ སྐྱེས་ལོ་༦༣ ལང་མི་ ཀོ་ཀི་༢ ཀྱི་ གནས་སྟངས་ཡང་ མ་འདྲཝ་ཅིག་ ག་ནི་ཡང་མིན་འདུག།
ཁོང་གཉིས་ཡང་ ནུབ་མོར་ལོ་ཐོག་བསྲུང་པར་ བསྐོར་རྒྱབ་སྦེ་ འགྱོ་དོ་ཡོདཔ་ད་ ཡེ་ཤེས་དབང་མོ་གིས་ སླབ་མིའི་ནང་ ཀེ་བའི་ཐོན་སྐྱེད་ལེགས་པའི་སྐབས་ འོང་འབབ་དངུལ་ཀྲམ་༥༠,༠༠༠ འཐོབ་ནི་ཡོད་རུང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ ཀེ་བའི་ལཱ་ རྒྱ་ཆེཝ་སྦེ་ མ་འབད་ཟེར་ཨིན་པས།
དུས་ཅི་ལས་ ས་ཞིང་སྟོངམ་བཞག་མི་ཚུ་ ཚལ་ལུ་ཤིང་བཙུགས་ནི་སྦེ་ བཞག་ཡོད་ཟེར་ མོ་གིས་ བཤདཔ་ཨིན་པས།
ད་རུང་ གཡུས་མི་ལ་ལོ་ཅིག་གིས་ ནུབ་མོའི་ཆུ་ཚོད་༡༠ འབྱིད་ཞིནམ་ལས་ གེ་ཟའི་ཞིང་མཐའ་བསྐོར་ཏེ་ མེ་འཕུ་བཞག་ས་ཡང་ མཐོངམ་ཨིན་པས།
རྒེད་འོག་སོ་ནམ་རྒྱ་བསྐྱེད་འགོ་དཔོན་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་འོག་ཚུ་ལས་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་བའི་ སྙན་ཞུ་ཚུ་ ད་ཚུན་གྱི་བར་ན་ རྒེད་འོག་ནང་ མ་ལྷོད་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་ ཞིང་ནང་ ལོ་ཐོག་ཚུ་ བཏབ་ཨིན་རུང་ རི་དྭགས་སེམས་ཅན་ཚུ་ལུ་བརྟེན་ ལོ་བསྟར་བཞིན་དུ་ བཟའ་སྤྱོད་འབད་མ་ཚུགས་པར་ ཞིང་སྟོངམ་བཞག་མི་དེ་ ཡར་སེང་འགྱོཝ་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དེ་ལས་ ཆོས་ཉིད་ཀྱིས་ སླབ་མིའི་ནང་ མོ་གི་དོན་ལུ་ གནམ་བྱཱར་གྱི་ དུས་ཚོད་དེ་ འདུ་འཛི་ཅན་ཨིནམ་ལས་ བཟའ་ཚང་སྐྱོང་སྟེ་ ཉམས་དགའ་ཏོག་ཏོ་སྦེ་ སྡོད་ནི་དང་ ཞག་སྐྱིད་ཏོང་ཏོ་སྦེ་ ཉལ་སྡོད་ནི་གི་ དུས་ཚོད་ཟེར་རུང་ རང་ཟླ་༡༠ པ་ལས་ཟླ་༡ པ་ཚུན་ ཟླ་ངོ་༣ གྱི་རིང་མ་གཏོགས་ གོ་སྐབས་མེད་ཟེར་ཨིན་པའི་གནས་ཚུལ།

དགྲ་མེད་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *