ཁམས་དྭངས་རྒེད་འོག་ནང་ བཟའ་སྤྱོད་མ་འབད་བར་བཞག་མི་ ས་ཞིང་སྟོངམ་ཚུ།

རི་དྭགས་སེམས་ཅན་ཚུ་གིས་ གནོད་སྐྱོན་རྐྱབ་པའི་ཁར་ ཆུ་གཡུར་ཏན་ཏན་མེད་མི་ལུ་བརྟེན་ ས་ཞིང་སྟོངམ་བཞག་ཡོདཔ།

༉ འདས་པའི་ལོ་ངོ་ བཅུ་ཕྲག་༡ གི་ཧེ་མར་ བཀྲིས་གཡང་རྩེ་ ཁམས་དྭངས་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ ལོ་༡ ནང་ འབྱ་ལཱ་ཚར་༢ རྐྱབ་དོ་ཡོདཔ་ཨིན་པས།

ཨིན་རུང་ རི་དྭགས་སེམས་ཅན་ཚུ་གིས་ གནོད་པ་རྐྱབ་མི་དང་ ཆུ་གཡུར་ཏན་ཏན་མེད་མི་ལུ་བརྟེན་ ས་ཞིང་ཨེ་ཀར་༡༠༠ ལྷགཔ་ཅིག་ སྟོངམ་སྦེ་བཞག་ཡོདཔ་ད་ ས་ཞིང་སྤྱོད་མི་ དག་པ་ཅིག་ལས་བརྒལ་མེདཔ་ཨིན་པས།

ད་རེས་ ས་ཞིང་ཚུ་ རི་དྭགས་སེམས་ཅན་འཁྱམས་ས་དང་ སྒོ་ནོར་སེམས་ཅན་ཚུ་ རྩ་བཟའ་ས་ཅིག་ལུ་གྱུར་ཡོདཔ་ད་ ས་ཞིང་ལོག་སྟེ་ བཟའ་སྤྱོད་འབད་དགོ་པ་ཅིན་ གློག་ཐག་ར་བ་དང་ ཆུ་གཡུར་ལེགས་ཤོམ་དགོ་པས་ཟེར་ སོ་ནམ་པ་ཚུ་གིས་ བཤདཔ་ཨིན་པས།

ས་རུད་ཀྱིས་ ཆུ་གཡུར་མེདཔ་བཏང་པའི་ཤུལ་ལུ་ ས་ཞིང་ཚུ་ བཟའ་སྤྱོད་འབད་མ་ཚུགས་ཟེར་ སོ་ནམ་པ་རྡོ་རྗེ་གིས་ བཤད་པའི་ཁར་ གཞུང་གིས་ ཆུ་གཡུར་དང་ གློག་ཐག་ར་བ་ གནང་པ་ཅིན་ སོ་ནམ་པ་མང་ཤོས་ཀྱིས་ ལོག་སྟེ་བཟའ་སྤྱོད་འབད་ཚུགས་ནི་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རི་དྭགས་སེམས་ཅན་གྱི་གནོད་པ་དང་ ཆུ་གཡུར་མེད་མི་ལུ་བརྟེན་ འགྲོས་ཀྱིས་སྦེ་ སོ་ནམ་པ་ཚུ་གིས་ ས་ཞིང་བཀོག་བཞག་ཡི་ཟེར་ཨིནམ་ད་ མཐུན་རྐྱེན་ཚུ་ཡོད་པ་ཅིན་ སོ་ནམ་གྱི་ཐོན་སྐྱེད་ག་ཅི་འབད་རུང་ ཁྲོམ་ཁར་ཐོན་སྐྱེད་འབད་ཚུགས་ཟེར་ཨིན་པས།

གཡུས་མི་ཚུ་དང་འཁྲིལ་བ་ཅིན་ ས་གནས་ཁག་མ་འདྲཝ་ཚུ་ནང་ ས་རུད་ཀྱིས་ འཕྱགས་འབག་ཡོདཔ་ལས་ ལོག་སྟེ་ཉམས་བཅོས་འབད་མ་ཚུགས་ཟེར་ཨིནམ་ད་ ཆུ་གཡུར་མེདཔ་ཐལ་ཏེ་ ལོ་མང་རབས་ཅིག་ སོང་ཡི་ཟེར་ཨིན་པས།

གཡུས་མི་ཚུ་གིས་ ལོག་ཉམས་བཅོས་འབད་མ་ཚུགསཔ་ལས་ འགྲོས་ཀྱིས་སྦེ་ ས་ཞིང་ཚུ་ ཚལ་མ་ལུ་གྱུར་སོ་ཡི་ཟེར་ཨིནམ་ད་ གནད་དོན་དེ་ལུ་བརྟེན་ བཅུད་ཡོད་པའི་ས་ཞིང་ཨེ་ཀར་༡༠༠ ལྷགཔ་ཅིག་ ཚལ་མ་ལུ་གྱུར་ཏེ་ཡོད་ཟེར་ གཡུས་མི་ཅིག་གིས་བཤདཔ་ཨིན་པས།

སོ་ནམ་པ་ ཏའུ་མོ་གིས་ སླབ་མིའི་ནང་ ས་གནས་མཚོ་གཙང་ལུ་ ཁམས་དྭངས་རྒེད་འོག་དང་ ཁྱི་ཉལ་གཡུས་ཚན་གྱི་ སོ་ནམ་༡༠༠ ལྷགཔ་ཅིག་གི་ ས་ཞིང་ཡོདཔ་ལས་ གློག་ཐག་ར་བ་དང་ ཆུ་གཡུར་དགོཔ་ཡོད་ཟེར་ཨིན་པས།

ས་ཞིང་ནང་ ཚོད་བསྲེ་དང་ ལོ་ཐོག་འཚོ་མ་བཏུབ་ ག་ནི་ཡང་མེདཔ་ལས་ དཀའ་ངལ་ངོ་མ་ར་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་བའི་དཀའའ་ངལ་དང་ ཆུ་གཡུར་གྱི་དཀའ་ངལ་ཨིན་ཟེར་ མོ་གིས་ བཤདཔ་ཨིན་པས།

སྐྱེས་ལོ་༦༠ ལང་མི་ དཀར་སངས་དང་ ཁོ་རའི་ཨམ་སྲུ་༢ ཀྱིས་ ཀེ་བ་དང་ འབྱ་ དེ་ལས་ གེ་ཟ་ལ་སོགས་པ་ཚུ་ འཛུགས་སྐྱོང་འབད་དོ་ཡོད་རུང་ ད་རེས་ རི་དྭགས་སེམས་ཅན་གྱི་ གནོད་པ་ལུ་བརྟེན་ བཀོག་བཞག་དགོཔ་ཐོན་ཡི་ཟེར་ཨིན་པས།

ས་གནས་མཚོ་གཙང་ལས་ འབྱ་ལཱ་ཚར་གཉིས་འབད་ནི་ཡོད་རུང་ ད་རེས་ ཚར་གཅིག་ར་ འབད་མ་ཚུགས་ནི་དེ་གིས་ སྲུང་བཟུམ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིནམ་ད་ མང་ཤོས་ཀྱིས་ ས་ཞིང་བཀོག་བཞག་སྟེ་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།

གཡུས་མི་ཅིག་གིས་ སླབ་མིའི་ནང་ ཆུ་གཡུར་གྱི་དོན་ལུ་ རྒེད་འོག་དང་ རྫོང་ཁག་གིས་ མ་དངུལ་ར་ བགོ་བཀྲམ་མ་འབདཝ་ཨིན་ན་ ཡང་ན་ གཞུང་ལས་ར་ མ་གནངམ་ཨིན་ན་ ཧ་མི་གོ་བས་ཟེར་ཨིན་པས།

སྐྱེས་ལོ་༤༡ ལང་མི་ ཨྱོན་དབང་འདུས་ཀྱིས་ ས་གནས་མཚོ་གཙང་ལུ་ ལཱ་མ་འབད་བར་ ལོ་མང་རབས་སོང་ཡི་ཟེར་ཨིནམ་ད་ ས་ཞིང་བཅུད་ཅན་ཡོདཔ་ལས་ འཚོ་མ་བཏུབ་ག་ནི་ཡང་མེད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ རེད་ཐོན་སྐྱེད་འབད་ཚུགས་ནི་ཨིན་རུང་ ད་རེས་ ཚོང་ཁང་ལས་ ཉོ་བཟའ་དགོཔ་ཐོན་མི་ཡང་ཡོད་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ཆུ་གཡུར་དང་ གློག་ཐག་ར་བ་ཡོད་པ་ཅིན་ ཉོ་མ་དགོ་པར་ རང་ལངམ་ཅིག་ ཐོན་སྐྱེད་འབད་ནི་ཡོད་ཟེར་ཨིན་པས།

ས་ཞིང་བཟའ་སྤྱོད་མ་འབད་བར་ དེ་སྦེ་ར་ ལུས་སོ་པ་ཅིན་ བཟའ་འཐུང་གི་ཉེན་སྲུང་ལུ་ ཐོ་ཕོག་ནི་མས་ཟེར་ཨིནམ་ད་ མ་དངུལ་འབོར་ཆེ་ཏོག་ཏོ་གནང་པ་ཅིན་ འཕྲུལ་ཆས་བཙུགས་ཐོག་ལས་ གྲང་མེད་ཆུ་ལས་ ཆུ་འཐེན་ཚུགས་པའི་ འོས་འབབ་ཡོད་ཟེར་ ཨྱོན་དབང་འདུས་ཀྱིས་ བཤདཔ་ཨིན་པས།

གཡུས་མི་ ཡེ་ཤེས་ཀྱིས་འབད་བ་ཅིན་ མོ་རའི་ ཁྱིམ་ཚང་ཚུ་གིས་ ས་ཞིང་བཟའ་སྤྱོད་མ་འབད་བར་ བཞག་པའི་ཤུལ་ལས་ རི་དྭགས་སེམས་ཅན་ཚུ་གིས་ འབད་མ་ཚུགས་པར་ བཀོག་བཞག་དགོཔ་ཐོན་ཡི་ཟེར་ཨིནམ་ད་ གློག་ཐག་ར་བ་གནང་པ་ཅིན་ ལོག་སྟེ་ར་ བཟའ་སྤྱོད་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་འབད་བ་ཅིན་ ལོ་གཅིག་བ་གཅིག་ ས་ཞིང་སྟོངམ་བཞག་མི་ ཡར་སེང་འགྱོཝ་མས་ཟེར་ཨིནམ་ད་ སྲིད་དོན་ཚོགས་པ་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ སོ་ནམ་དང་འབྲེལ་བའི་ ཁས་བླངས་ལེ་ཤ་འབད་ཡོད་རུང་ དངོས་སུ་ལག་ལེན་འཐབ་ས་ཅིག་ མ་མཐོང་ཟེར་ཨིན་པས།

ཁམས་དྭངས་རྒེད་འོག་ ནོར་བུ་གིས་ སླབ་མིའི་ནང་ སོ་ནམ་པ་ག་ར་གིས་ ས་ཞིང་བཟའ་སྤྱོད་འབད་ནིའི་ དང་འདོད་ཡོད་པ་ཅིན་ རྒེད་འོག་བདག་སྐྱོང་གིས་ གློག་ཐག་ར་བ་བྱིན་འོང་ཟེར་ཨིནམ་ད་ དཀའ་ངལ་དེ་ མང་ཤོས་ཀྱིས་ བཟོ་སྐྲུན་གྱི་ལཱ་འབད་མི་ལས་ གླ་ཆ་དངུལ་ཀྲམ་༥༠༠ དང་ དངུལ་ཀྲམ་༩༠༠ འི་བར་ན་ ཐོབ་དོ་ཡོདཔ་ལས་ ལཱ་འབད་མི་བཏུབ་པས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སོ་ནམ་སྡེ་ཚན་གྱིས་འབད་རུང་ རྒྱབ་སྐྱོར་ཡོདཔ་ལས་ ས་གནས་སྨན་ལ་ཚུན་ གློག་མེ་ལྷོད་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ ལཱ་འབད་ནི་ཨིན་པ་ཅིན་ གློག་ཐག་ར་བ་འབད་རུང་ བསྒོར་བྱིན་འོང་ཟེར་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་གོངམ་ ཀུན་བཟང་དཔལ་སྒྲོན་གྱིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ བརྩོན་ཤུགས་བསྐྱེད་ནི་ཨིན་པ་ཅིན་ རྒྱབ་སྐྱོར་འབད་ཆོག་ཆོ་ ཡོད་ཟེར་ཨིན་པས།

མཐུན་རྐྱེན་ཚུ་ བྱིན་ཚར་ཏེ་ སོ་ནམ་པ་ཚུ་གིས་ ལཱ་འབད་མ་བཏུབ་པ་ཅིན་ མ་དངུལ་ཚུ་ ཆུད་ཟད་འགྱོཝ་མས་ཟེར་ སོ་ནམ་འགོ་དཔོན་གོངམ་གིས་ བཤད་པའི་ཁར་ ས་གནས་མཚོ་གཙང་ལུ་ ས་ཞིང་ཨེ་ཀར་༡༠ དེ་ཅིག་ སླར་སྤྱོད་འབད་དེ་ ཨེ་མ་ཐོན་སྐྱེད་འབད་ནིའི་ དམིགས་གཏད་ཡོད་རུང་ སོ་ནམ་པ་ཚུ་ སྤྲོ་བ་མི་འདུག་ཟེར་ཨིན་པས།

སོ་ནམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁོང་རའི་ ལཱ་འགན་ངོ་མ་ར་ ས་ཞིང་བཟའ་སྤྱོད་མ་འབད་མི་ཚུ་ སླར་སྤྱོད་འབད་བཅུག་ནི་དེ་ཨིནམ་མ་ཚད་ ནད་ཡམས་ལུ་བརྟེན་ རྒྱལ་ཁབ་ལུ་ ཐོ་ཕོག་ཡོདཔ་ལས་ སོ་ནམ་གྱི་ལཱ་ལུ་ གཙོ་བོ་བཟུང་དོ་ཟེར་ཨིན་པས།

གཡུས་སྒོ་ཚུ་ནང་ལས་ཕར་ མི་སྟོབས་མ་ལང་མི་དང་ ལཱ་འབད་མི་ རྒན་རྒས་མ་གཏོགས་ ན་གཞོན་ག་ཡང་མེདཔ་ལས་ ས་ཞིང་བཟའ་སྤྱོད་མ་འབད་བས་ཟེར་ཨིནམ་ད་ མཐུན་རྐྱེན་གློག་ཐག་དང་ ཆུ་གཡུར་ དེ་ལས་ ས་ཞིང་གོང་འཕེལ་གྱི་རྒྱབ་སྐྱོར་ཚུ་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ རྒྱབ་སྐྱོར་འབད་དོ་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་གོངམ་ ཀུན་བཟང་དཔལ་སྒྲོན་གྱིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *