རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ ཞིང་སྟོང་བཞག་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་རིགས་དྭགས་སྲུང་སྐྱོབ་ས་ཁོངས་ནང་ ས་ཆ་བཟའ་སྤྱོད་མ་འབད་བར་ སྟོངམ་བཞག་མི་དེ་ མི་དང་རི་དྭགས་སེམས་ཅན་གྱི་བར་ན་ བྲེལ་ཟིང་ཡར་འཕར་འགྱོ་མི་དང་ འབྲེལ་གནད་ཡོད་པའི་ མངོན་གསལ་བྱུང་ནུག།
སྲུང་སྐྱོབ་ས་ཁོངས་ནང་ བརྟག་ཞིབ་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༨ ལུ་ར་ ཇོ་མོ་གཙང་ཁ་རིགས་དྭགས་སྲུང་སྐྱོབ་ཀྱི་ ས་ཁོངས་ནང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ མི་སེར་བརྒྱ་ཆ་༥༠ དེ་ཅིག་གི་ ས་ཆ་བཟའ་སྤྱོད་མ་འབད་བར་ ཞིང་སྟོང་བཞག་ཡོད་པའི་ ཤེས་རྟོགས་བྱུང་ནུག།
ལོ་ཐོག་གནོདཔ་བཀལ་མི་ཚུ་ཡང་ མང་ཤོས་ར་ རི་ཕག་ཚུ་ཨིནམ་ད་ རི་ཕག་གིས་ ལོ་ཐོག་ལུ་ གནོདཔ་བཀལ་བའི་ རྩོད་དོན་༥༥༢ ཐོ་བཀོད་འབད་བའི་ཤུལ་ལས་ སྤྱ་དང་ དོམ་ཚུ་ཡོདཔ་ད་ ཆུ་ཞིང་ཨེ་ཀར་༣༨༦.༩༦ དང་ སྐམ་ཤིང་ཨེ་ཀར་༤༤.༤༨ དེ་ཅིག་ བཟའ་སྤྱོད་མ་འབད་བར་ ལུས་སོ་ནུག་ཟེར་ཨིན་པས།
བརྟག་ཞིབ་ནང་ སྲུང་སྐྱོབ་ས་ཁོངས་ནང་ཚུད་མི་ ཁྱིམ་གུང་༢༩༡ ཁྱབ་སྟེ་ཡོདཔ་ད་ བརྟག་ཞིབ་འབད་བའི་སྐབས་ མི་སེར་བརྒྱ་ཆ་༥༥ གིས་ འདས་པའི་ལོ་དང་ཕྱདཔ་ད་ སེམས་ཅན་གྱིས་ ལོ་ཐོག་གནོདཔ་བཀལ་མི་དེ་ ཡར་འཕར་སོང་མི་དེ་ཡང་ མི་སྡོད་ས་དང་ སེམས་ཅན་འཁྱམས་སའི་ ནགས་ཚལ་ཁྱབ་ཚད་ ཡར་སེང་སོང་མི་ལུ་བརྟེན་ཨིན་མས་ཟེར་ ས་གནས་ཀྱི་ མི་ཚུ་གིས་ བཤདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༣༡ ལུ་ ནགས་ཚལ་གླིང་འཛིན་འགོ་དཔོན་གྱི་ ཉིནམ་བརྩི་སྲུང་འབདཝ་དང་འབྲེལ་ བརྟག་ཞིབ་སྙན་ཞུ་ གསར་བཏོན་འབད་བའི་སྐབས་ མི་དང་ རི་དྭགས་སེམས་ཅན་ཚུ་གི་བར་ན་ བྲེལ་ཟིང་བྱུང་མི་དེ་ རྒྱལ་ཁབ་ཀྱི་ས་གནས་ ཐདམ་ཐད་ཁ་ལས་ཕར་ སྙན་ཞུ་ལྷོད་ཡོདཔ་སྦེ་བཀོད་ནུག།
ལྷོ་ཕྱོགས་རྫོང་ཁག་ནང་ གླངམོ་ཆེ་དང་ ནུབ་དང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་འབད་བ་ཅིན་ སོ་ནམ་པ་ཚུ་གི་ ལོ་ཐོག་ཚུ་ལུ་ རི་ཕག་ཚུ་གིས་ གནོདཔ་བཀལ་ནུག་ཟེར་ བཀོད་ཡོདཔ་ད་ མི་བརྒྱ་ཆ་༧༩.༣༨ དེ་ཅིག་ འཚོ་བ་སོ་ནམ་ལུ་བརྟེན་ སྡོད་དོ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ མི་སེར་ཚུ་གི་ ལོ་ཐོག་མ་འདྲཝ་༢༠ དེ་རེ་ སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ཚུ་ཡང་ ཤིང་འབྲས་དང་ གེ་ཟ་ རེད་ མོནམ་འབྱ་ བྱཱོ་ལ་སོགས་པ་ཚུ་ཨིན་པས།
མ་གཞི་ གེ་ཟ་དང་ཕྱདཔ་ད་ འབྱ་ཞིང་དེ་ ལེ་ཤ་ཡོད་རུང་ རི་དྭགས་སེམས་ཅན་ཚུ་གིས་ གེ་ཟ་ལུ་ གནོདཔ་མངམ་བཀལ་བའི་ སྙན་ཞུ་འབད་དེ་ཡོདཔ་ད་ གེ་ཟ་ཚུ་ཡང་ མང་ཤོས་ར་ བྱི་ཙི་དང་ ཏོར་ཏོ་ལ་ཚུ་གིས་ གནོདཔ་བཀལ་དོ་ཡོདཔ་ཨིན་པས།
དེ་མ་ཚད་ གླངམོ་ཆེ་དང་ ཤ་བ་ ཕགཔ་ ལ་དོམ་ རི་བོང་ལ་སོགས་པ་ཚུ་ཡོད་མི་ལས་ སྤྱ་མ་གཏོགས་ སེམས་ཅན་གཞན་ཚུ་གིས་ ལོ་ཐོག་མང་ཤོས་ར་ ནུབ་མོར་གནོདཔ་བཀལ་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
དེ་ལས་ མི་བརྒྱ་ཆ་༧༢ ཀྱིས་ ཁོང་རའི་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་རུང་ འགན་འཁྲི་ཅན་གྱི་ འབྲེལ་ཡོད་ལས་སྡེ་ ག་ལུ་ཡང་ སྙན་ཞུ་མ་འབད་བར་ བཞག་ཡོདཔ་ད་ མི་ཚུ་གིས་འབད་བ་ཅིན་ སྙན་ཞུ་འབད་ནི་གི་ ལམ་ལུགས་དྭངས་གསལ་མེད་པའི་ཁར་ ལ་ལོ་གིས་ ལཱ་ལྟོ་ཆག་པའི་ དུས་ཚོད་རྐྱངམ་གཅིག་ཨིན་མས་ཟེར་ སླབ་དོ་ཡོདཔ་ཨིན་པས།
རྒེད་འོག་༥ རྐྱངམ་གཅིག་གིས་ གླངམོ་ཆེ་ཚུ་གིས་ ལོ་ཐོག་གནོདཔ་བཀལ་བའི་ སྙན་ཞུ་འབད་ཡོདཔ་ད་ རི་དྭགས་གླངམོ་ཆེ་གིས་ ཁྱིམ་གནོདཔ་བཀལ་བའི་ སྙན་ཞུ་འབད་མི་ མཐོ་ཤོས་ར་ བསམ་གྲུབ་ལྗོངས་མཁར་ བསམ་རང་དང་ གླང་ཅན་ཕུག་རྒེད་འོག་༢ ཀྱིས་ འབད་ཡོདཔ་ཨིན་པས།
སྲུང་སྐྱོབ་ས་ཁོངས་ཀྱི་ ཁྱིམ་གུང་པ་༢༢༢ ཀྱིས་ སྒོ་ནོར་སེམས་ཅན་མ་འདྲཝ་༧ དེ་ཅིག་ གསོ་སྐྱོང་འབད་དོ་ཡོདཔ་ད་ སྒོ་ནོར་དེ་ མི་སེར་ཚུ་གི་དོན་ལུ་ འོང་འབབ་གཙོ་ཅན་ཅིག་ཨིན་པས།
གཅན་གཟན་སྟག་དང་ གཟིག་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་བའི་ སྙན་ཞུ་མང་ཤོས་ར་ གླང་ཅན་ཕུག་དང་ ལའུ་རི་ལས་འབད་ཡོདཔ་ད་ སྲུང་སྐྱོབ་ས་ཁོངས་ནང་ ས་ཆ་གྲུ་བཞི་ཀི་ལོ་མི་ཊར་༣༨༤ ཡོད་མི་གིས་ བསམ་གྲུབ་ཆོས་གླིང་དྲུང་ཁག་ མར་ཚ་ལ་དང་ ཕུན་ཚོགས་ཐང་ པདྨ་ཐང་ བསམ་རང་ དེ་ལས་ ཇོ་མོ་གཙང་ཁ་དྲུང་ གླང་ཅན་ཕུག་དང་ གསར་ཐིག་ དེ་ལས་ ལའུ་རི་ཚུ་ཁྱབ་སྟེ་ཡོདཔ་ཨིན་པས།
སྲུང་སྐྱོབ་ས་ཁོངས་དེ་ འབྲུག་དང་རྒྱ་གར་གྱི་ ས་མཚམས་ནང་ ཆགས་ཏེ་ཡོདཔ་ལས་ སྲུང་སྐྱོབ་ཀྱིས་ ཉེན་ཁ་ཅན་གྱི་ རིགས་སྣ་ཚུ་ལུ་ རྒྱབ་སྐྱོར་ཚུ་ བྱིན་དོ་ཡོདཔ་ད་ སྲུང་སྐྱོབ་ཀྱི ས་ཁོངས་ནང་ ཤིང་གི་རིགས་༣༡༨ དང་ མངལ་སྐྱེས་སམ་ ཨོ་འཐུང་སྲོག་ཆགས་༣༤ བྱ་རིགས་༢༥༧ དེ་ལས་ ཕོ་བཤུད་སེམས་ཅན་༣༥ དང་ ཕྱེམ་ལའི་རིགས་༡༦༣ དེ་ཅིག་ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *