རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་མིའི་གདོང་ལེན།

༉ འབྲུག་འདི་ རང་བཞིན་གནས་སྟངས་ཀྱིས་ཕྱུག་པའི་ རྒྱལ་ཁབ་ཅིག་ཨིནམ་མ་ཚད་ འབྲུག་མི་བརྒྱ་ཆ་༨༠ ལྷགཔ་ཅིག་ འཚོ་བ་སོ་ནམ་ལཱ་ལུ་བརྟེན་ སྡོད་མི་ཨིནམ་ལས་ རྒྱལ་ཁབ་ཀྱི་དོན་ལུ་ ས་ཞིང་ཚུ་ ནོར་བུ་བཟུམ་ཅིག་ཨིན།
དེ་མ་ཚད་ རྒྱལ་ཁབ་འདི་ ཡར་རྒྱས་འགྱོ་བའི་བསྒང་འབདཝ་ལས་ སོ་ནམ་གྱི་ ལཱ་ལུ་བརྟེན་ བཟའ་འཐུང་གི་ཐད་ཁར་ རང་མགོ་རང་འདྲོངས་བཟོ་ནི་ རྐྱངམ་གཅིག་མེན་པར་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ཡང་ བརྩོན་ཤུགས་བསྐྱེད་དགོཔ་ཨིན།
དེ་འབདཝ་ད་ ད་རེས་ མི་ཚུ་གིས་ སོ་ནམ་གྱི་ལཱ་ལུ་ སྤྲོ་བ་ཞན་ཏེ་ ས་ཞིང་ཨེ་ཀར་སྟོང་ལས་བཅད་དེ་ བཟའ་སྤྱོད་མ་འབད་བར་ བཀོག་བཞག་མི་ལུ་ བལྟ་བ་ཅིན་ སོ་ནམ་གྱི་ལཱ་ལུ་བརྟེན་ དཔལ་འབྱོར་གོང་འཕེལ་གཏང་ནི་དེ་ ཕར་བཞག་ ཐ་ན་ རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ཚུགས་ནི་དེ་ཡང་ ལཱ་ཁག་གཏང་ནི་ བཟུམ་ཅིག་འདུག།
སོ་ནམ་པ་ཚུ་གིས་ ས་ཞིང་བཟའ་སྤྱོད་འབད་མ་བཏུབ་པར་སྟོངམ་སྦེ་ བཤོལ་བཞག་མིའི་ རྒྱུ་རྐྱེན་ངོ་མ་ར་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་ནི་དེ་གིས་ཨིན་མས།
སོ་ནམ་ལྷན་ཁག་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ ད་ཚུན་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་ནི་དེ་གིས་ ས་ཞིང་བཟའ་སྤྱོད་མ་འབད་བར་ ཨེ་ཀར་༡༧,༠༡༡ ཞིང་སྟོང་ལུས་ནུག་ཟེར་ཨིན་མས།
དེའི་གྲས་ལས་ཡང་ མཐོ་ཤོས་བཀྲིས་སྒང་ལུ་ ཨེ་ཀར་༣,༧༨༦ དང་ དེའི་འོག་ལས་ བུམ་ཐང་ལུ་ ཨེ་ཀར་༡,༦༡༧ བསམ་གྲུབ་ལྗོངས་མཁར་ལུ་ ཨེ་ཀར་༡,༣༦༩ དེ་ལས་ བཀྲིས་གཡང་རྩེ་ལུ་ ཨེ་ཀར་༡,༢༣༣ ཡོད་མི་ལུ་ བལྟ་བ་ཅིན་ དཀའ་ངལ་དེ་ སྦོམ་ཤོས་ར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་འདུག།
རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་མེདཔ་བཏང་ནི་དེ་གིས་ ཁྱིམ་གུང་པ་༤༣ ལུ་ གནོད་སྐྱོན་བྱུང་མི་ལས་ མཐོ་ཤོས་ བཀྲིས་སྒང་ལུ་༦,༡༦༠ དང་ མོང་སྒར་ལུ་༤,༤༥༦ བསམ་གྲུབ་ལྗོངས་མཁར་ལུ་༢,༩༦༥ དེ་ལས་ བཀྲིས་གཡང་རྩེ་ལུ་ ཁྱིམ་གུང་པ་༢,༣༧༧ ཨིན་མས།
སོ་ནམ་ལཱ་ལུ་ སྤྲོ་བ་ཉམས་མི་ རྒྱུ་རྐྱེན་གཞན་ཡང་ ཞིང་ཆུ་དང་ སོ་ནམ་གྱི་མཐུན་རྐྱེན་ ལེགས་ཤོམ་མེད་མི་ལུ་བརྟེན་ ཆུ་ཞིང་སྟོངམ་ ཨེ་ཀར་༦,༣༤༥ དང་ སྐམ་ཞིང་སྟོངམ་ ཨེ་ཀར་༥༣,༣༧༧ ལུས་མི་དེ་ ང་བཅས་ག་ར་འབད་རུང་ ཚ་གྱང་སྦོམ་ལང་དགོ་པའི་ གཞི་ཅིག་ཨིན་མས།
ལོ་བསྟར་བཞིན་དུ་ ས་ཞིང་སྟོངམ་ ཨེ་ཀར་༥༩,༧༢༢ ལྷགཔ་ཅིག་ བཀོག་བཞག་པ་ཅིན་ ལོ་ཐོག་བཏབ་ནིའི་ འབྲུ་སྣའི་རིགས་ མེ་ཊིག་ཊཱན་འབུམ་ལས་བཅད་དེ་ ཆུས་ཟད་འགྱོ་དོ་ཡོདཔ་ལས་ དེ་གིས་ ཧེང་སྐལ་ར་ རྒྱལ་ཁབ་འདི་ ནང་འདྲེན་ལུ་ རེ་དགོཔ་འཐོན་ནི་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ དཀའ་ངལ་ངོ་མ་ར་ རི་དྭགས་སེམས་ཅན་ཚུ་གིས་ གནོད་སྐྱོན་རྐྱབ་ཨིནམ་ གཞུང་དང་ལས་སྡེ་ག་ར་གིས་ ལེགས་ཤོམ་སྦེ་ ཧ་གོ་རུང་ དེའི་ཐབས་ལམ་ ལེགས་ཤོམ་ཅིག་ བཏོན་མ་བཏུབ་མི་དེ་ཨིན་མས།
ད་ཚུན་ ཐབས་ཤེས་ཟེར་རུང་ གློག་ཐག་ར་བ་ བགོ་བཀྲམ་འབད་ནི་ འགོ་བཙུགས་མི་དེ་ཡང་ རྫོང་ཁག་ག་རའི་ནང་ ཁྱབ་མ་ཚུགས་པར་ཡོདཔ་ད་ གལ་སྲིད་ གཞུང་གིས་ སོ་ནམ་ལས་སྡེ་ལུ་ རྒྱབ་སྐྱོར་ལེགས་ཤོམ་འབད་བ་ཅིན་ སོ་ནམ་གྱི་ཐད་ཁར་ རང་མགོ་རང་འདྲོངས་གནས་ཚུགས་པའི་ གོ་སྐབས་འདུག།
དེ་མ་ཚད་ མི་སྡེ་དང་འབྲེལ་བའི་དཀའ་ངལ་ གྲོང་གཡུས་ལས་ ཁྲོམ་ཁར་འོང་མི་དང་ ན་གཞོན་ལཱ་གཡོག་གི་དཀའ་ངལ་ ཆང་དང་སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ཡང་ མར་ཕབ་འབད་ཚུགས་པའི་ འོས་འབབ་ཡོདཔ་ལས་ གཞུང་གིས་ ཐུགས་བཞེད་ལེགས་ཤོམ་གནང་དགོཔ་ ཁག་ཆེ་བས་ཟེར་ ཞུ་ནི་ཨིན།

About admin

Check Also

ཕན་རླབས་ཅན་གྱི་ འཆར་གཞི་བརྩམ་ནི་དང་ གྲོས་ཐག་གཅད་ནི་ལུ་ གཙོ་རིམ་བཟུང་དགོཔ།

༉ ཡུན་མ་རིངམོ་ཅིག་གི་ཧེ་མར་ གཞུང་གིས་ ཁྱིམ་ནང་ལཱ་འབད་མི་ ཕྱི་ཁའི་ལས་མི་ཚུ་ ནང་འདྲེན་འབད་མ་ཆོག་པའི་ བཀག་ཆ་འབད་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཕྱི་ཁའི་ལཱ་འབད་མི་ དམིགས་བསལ་དུ་ ན་གཞོན་བུམོ་ཚུ་དང་འབྲེལ་བའི་ དཀའ་ངལ་བྱུང་མི་ལུ་བརྟེན་ཨིན་མས། མ་གཞི་ འདི་བཟུམ་མའི་ …

Leave a Reply

Your email address will not be published. Required fields are marked *