རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་ གནོད་སྐྱོན་ རྐྱབ་མི་ཡར་སེང་།

༉ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་མི་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ད་ དེའི་ནང་ལས་ཡང་ གནོད་སྐྱོན་མང་ཤོས་ར་ གེ་ཟ་ལུ་ རྐྱབ་མི་དེ་ཡང་ སྤྱི་ལོ་༢༠༡༥ ལུ་ རྫོང་ཁག་༡༧ ནང་ གེ་ཟ་མེ་ཊིག་ཊཱོན་༣,༧༥༣ དེ་ཅིག་ མེདཔ་བཏང་ནི་དེ་གིས་ཨིན་པས།
གེ་ཟ་དེ་ འབྲུག་མི་མང་ཤོས་ཅིག་གི་དོན་ལུ་ ཁག་ཆེ་བའི་ ལོ་ཐོག་ཅིག་ཨིནམ་ད་ དེ་ཡང་ ལ་ལོ་ཅིག་གིས་ བཟའ་སྤྱོད་འབད་དོ་ཡོདཔ་ད་ ལ་ལོ་གིས་ ཚོང་འབྲེལ་གྱི་དོན་ལུ་ དངུལ་ཐོག་སྦེ་ ལག་ལེན་འཐབ་ནི་དེ་གིས་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ གེ་ཟ་མཐོ་ཤོས་ར་ བསམ་གྲུབ་ལྗོངས་མཁར་ལུ་ མེ་ཊིག་ཊཱོན་༥༥༧ མེདཔ་བཏང་ཡོདཔ་ད་ དེའི་འོག་ལས་ར་ གསར་སྤང་ལུ་ མེ་ཊིག་ཊཱོན་༤༩༧ དང་ མོང་སྒར་ལུ་ མེ་ཊིག་ཊཱོན་༤༠༧ མེདཔ་བཏང་ཡོདཔ་བཞིན་དུ་ མེ་ཊིག་ཊཱོན་རེ་ལུ་ ཀེ་ཇི་༡,༠༠༠ རེ་ཨིན་པས།
ཉུང་ཤོས་ར་ སྤ་རོ་རྫོང་ཁག་ནང་ མེ་ཊིག་ཊཱོན་༠.༥ དང་ དེའི་འོག་ལས་ སྤུ་ན་ཁ་རྫོང་ཁག་ནང་ མེ་ཊིན་ཊཱོན་༢༥ མེདཔ་བཏང་ཡོདཔ་ད་ ལོ་ཐོག་གཞན་དང་ཕྱདཔ་ད་ གེ་ཟ་དེ་ལུ་ རི་དྭགས་སེམས་ཅན་ མང་ཤོས་ཅིག་གིས་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་པས།
གེ་ཟའི་ཤུལ་ལས་ར་ རེད་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་བཞིན་དུ་ རྫོང་ཁག་༡༩ ནང་ རེད་མེ་ཊིག་ཊཱོན་༢,༣༣༠ མེདཔ་བཏང་མི་ལས་ མཐོ་ཤོས་ར་ གཞལམ་སྒང་རྫོང་ཁག་ནང་ མེ་ཊིག་ཊཱོན་༤༠༨ མེདཔ་བཏང་ཡོདཔ་ད་ དེའི་ཤུལ་ལས་ ཀྲོང་གསར་ལུ་ མེ་ཊིག་ཊཱོན་༢༤༨ དང་ གསར་སྤང་རྫོང་ཁག་ནང་ མེ་ཊིག་ཊཱོན་༢༠༨ མེདཔ་བཏང་ནུག།
རྫོང་ཁག་༡༩ གི་གྲས་ལས་ རེད་དེ་མཐོ་ཤོས་ སྤུ་ན་ཁ་ལུ་ མེ་ཊིག་ཊཱོན་༦,༥༢༩ ཐོན་སྐྱེད་འབད་ཡོདཔ་ད་ དེའི་ཤུལ་ལས་ བསམ་རྩེ་ལུ་ མེ་ཊིག་ཊཱོན་༦,༢༥༥ དང་ གསར་སྤང་ལུ་ མེ་ཊིག་ཊཱོན་༤,༣༦༧ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།
འབྱ་གི་ཐོན་སྐྱེད་ ཉུང་ཤོས་འབད་མི་དེ་ བུམ་ཐང་ལུ་ མེ་ཊིག་ཊཱོན་༡༥༠ དང་ མགར་ས་ལུ་ མེ་ཊིག་ཊཱོན་༡༦༣ དེ་ལས་ ཧཱ་རྫོང་ཁག་ལུ་ མེ་ཊིག་ཊཱོན་༡༧༤ ལས་བརྒལ་ ཐོན་སྐྱེད་འབད་ནི་མེདཔ་ཨིན་པས།
ལོ་དེ་ནང་ དཀར་མེ་ཊིག་ཊཱོན་༡༨༢ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ བྱཱོ་མེ་ཊིག་ཊཱོན་༡༥༣ མོནམ་བྱཱ་མེ་ཊིག་ཊཱོན་༦༣ དེ་ལས་ ནག་མེ་ཊིག་ཊཱོན་༣༩ མེདཔ་བཏང་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *