ཚལ་མ་ལུ་གྱུར་ཡོད་མི་ ཆུ་སྨད་ཐང་གཡུས་ཚན།

རི་དྭགས་གླངམོ་ཆེ་ཚུ་གིས་ སྡོད་ཁྱིམ་དང་ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ གཡུས་སྤངས་དགོཔ་ཐོན་ཡོདཔ།

༉ འདས་པའི་ལོ་༡༦ དེ་ཅིག་གི་ཧེ་མར་ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་ ཕུན་ཚོགས་རྒེད་འོག་གི་ ཆུ་སྨད་ཐང་ཟེར་མི་དེ་ གཡུས་ཚན་ཅིག་ཨིན་རུང་ ད་རེས་ དེ་ཁར་ གཡུས་ཚན་ཆགས་ཡོད་པའི་ ཤུལ་མེད་པའི་ཁར་ ས་ཞིང་ཚུ་ཡང་ བཟའ་སྤྱོད་འབད་མ་ཚུགས་པར་ལུས་ནུག།
ཆུ་སྨད་ཐང་ལུ་ ཁྱིམ་གུང་པ་༦ ལྷགཔ་ཅིག་ཡོདཔ་བཞིན་དུ་ ས་ཞིང་ཚུ་ཡང་ བཟའ་སྤྱོད་འབད་ཡོད་རུང་ རི་དྭགས་གླངམོ་ཆེ་ཚུ་གིས་ སྡོད་ཁྱིམ་དང་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་སྦོམ་བཀལ་ཡོདཔ་ལས་ ཐབས་གཞན་ག་ནི་ཡང་མེད་མི་ལུ་བརྟེན་ སྤྱི་ལོ་༢༠༠༣ ལས་ གཡུས་སྤངས་དགོཔ་ ཐོན་ཡོདཔ་ཨིན་པས།
དེ་ཁར་སྡོད་མི་ ལ་ལོ་ཅིག་ལུ་ ཁ་སྨད་ཐང་སྤྱི་འོག་དང་ དུང་དཀར་གླིང་སྤྱི་འོག་ཚུ་ནང་ ས་ཞིང་སྡོདཔ་རས་ དེ་ཁར་ སྤོ་བཤུད་འབད་རུང་ ལ་ལོ་ཅིག་ལུ་ ས་ཞིང་རྩ་ལས་མེད་ནི་དེ་གིས་ ཁ་སྨད་ཐང་སྤྱི་འོག་ནང་ མི་གཞན་གྱི་ ས་ཞིང་ བགོ་བཤའི་ཐོག་ ལཱ་འབད་དེ་ སྡོད་དོ་ཡོདཔ་ཨིན་པས།
དེ་ཚུའི་གྲས་ལས་ གཅིག་ སྐྱེས་ལོ་༤༦ ལང་མི་ རུབ་བྷ་དུར་མོང་གར་ཨིནམ་ད་ ད་རེས་ ཁོ་གིས་ གཞན་གྱི་ས་ཞིང་ནང་ བགོ་བཤའི་ཐོག་ལས་ ལཱ་འབད་སྡོད་དེ་ ལོ་ངོ་༡༦ དེ་ཅིག་ལང་ཡོད་རུང་ ཁོང་བཟའ་ཚང་ནང་མི་ཚུ་ དགའ་སྤྲོའི་ཐོག་ལས་ སྡོད་སར་མཐོང་ཚུགས་པས།
རུབ་བྷ་དུར་མོང་གར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༠༣ ལུ་ རི་དྭགས་གླངམོ་ཆེ་ཚུ་གིས་ གནོད་སྐྱོན་སྦོམ་སྦེ་ར་བཀལཝ་ལས་ སྡོད་མ་ཚུགས་ནི་དེ་གིས་ གཡུས་དང་ ས་ཞིང་ཚུ་ བཀོག་བཞག་སྟེ་ ཁ་སྨད་ཐང་ལུ་ འོང་ཞིནམ་ལས་ གཞན་གྱི་ས་ཞིང་གུ་ བགོ་བཤའི་ཐོག་ ལཱ་འབད་སྡོད་དེ་ ད་རེས་ ལོ་༡༦ དེ་ཅིག་ ལང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་དང་ ནགས་ཚལ་འགོ་དཔོན་ཚུ་གིས་ ཆུ་སྨད་ཐང་ལུ་འོང་སྟེ་ གནོད་སྐྱོད་རྐྱབ་ཡོད་མི་ཚུ་ ཞིབ་དཔྱད་འབད་ཡོད་རུང་ རྒུད་འཐུས་ལ་སོགས་པ་ ག་ནི་ཡང་མ་འཐོབ་ལས་ རྒེད་འོག་ཡིག་ཚང་ནང་ ཚར་ལེ་ཤ་སྙན་ཞུ་འབད་རུང་ ག་ནི་ཡང་ མ་འཐོབ་ཟེར་ཨིནམ་ད་ ཁོ་ལུ་ ཆུ་སྨད་ཐང་ལུ་ ས་ཨེ་ཀར་༢.༥ ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་ནང་ རི་དྭགས་གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་ཡོདཔ་ལས་ ནགས་ཚལ་ཡིག་ཚང་ནང་ སྙན་ཞུ་འབད་དགོཔ་བཞིན་དུ་ ཁོང་གིས་ རྒུད་འཐུས་འཐོབ་སྦེ་ སླབ་པ་ཅིན་རྐྱངམ་གཅིག་ བྱིན་ཚུགས་ནི་དང་ དེ་མེན་ བྱིན་མི་ཚུགས་ནི་ཨིནམ་སྦེ་ སླབ་དེས་ཟེར་ཨིན་པས།
རྒུད་འཐུས་ མ་འཐོབ་ནི་དེ་གིས་ ས་ཚབ་ཡང་ མི་འཐོབ་འོང་མནོ་སྟེ་ ཞུ་ཡིག་ཡང་ མ་བཙུགསཔ་བཞིན་དུ་ ཐབས་གཞན་མེདཔ་ལས་ གཞན་གྱི་ས་ཞིང་གུ་ བགོ་བཤའི་ཐོག་ ལཱ་འབད་སྡོད་དགོཔ་ ཐོན་སི་ཟེར་ཨིནམ་ད་ ལོ་བསྟར་བཞིན་དུ་ ལཱ་རྩ་འགེངས་འབད་བའི་ཐ་མ་ ཐོན་སྐྱེད་བརྒྱ་ཆ་༥༠ སའི་ཇོ་བདག་གིས་ འབག་འགྱོ་དོ་ཡོདཔ་ལས་ སེམས་ཕམ་བྱུངམ་མས་ཟེར་ཨིན་རུང་ ས་ཞིང་བཟའ་སྤྱོད་འབད་བཅུག་མི་དེ་གིས་ར་ བཏུབ་པས་ཟེར་ཨིན་པས།
རུབ་བྷ་དུར་ མོང་གར་གྱིས་ སླབ་མིའི་ནང་ ད་རེས་ ཆུ་སྨད་ཐང་གི་ ས་ཞིང་དེ་ བཟའ་སྤྱོད་འབད་མ་ཚུགས་པའི་ཁར་ ལོ་བསྟར་བཞིན་དུ་ ས་ཁྲལ་བཏབ་དགོཔ་ལས་ ཐོན་ཁུངས་གཞན་ག་ནི་ཡང་ མེད་མི་ལུ་བརྟེན་ ལཱ་ཁག་འདུག་ཟེར་ཨིནམ་ད་ རྒེད་འོག་དང་ གཞུང་གི་ཁ་ཐུག་ལས་ ཉིན་དྲོད་སོ་ལར་རམ་ གློག་མེ་ར་བའི་ ཞབས་ཏོག་བྱིན་པ་ཅིན་ ལོག་ཆུ་སྨད་ཐང་ལུ་འགྱོ་ནིའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་གི་མི་ཚེ་མི་དེ་ དེ་ཅིག་སྦེ་ རྫོགས་དོ་ཡོད་རུང་ མ་འོངས་པར་ ཨ་ལོ་ཚུ་ལུ་ སྐལཝ་བགོ་བཤའ་བྱིན་ནིའི་ ཁྱིམ་དང་ ས་ཞིང་ལ་སོགས་པ་ག་ནི་ཡང་མེད་ནི་དེ་གིས་ སེམས་ཕམ་བྱུང་དོ་ཡོདཔ་ལས་ ར་བའི་ཞབས་ཏོག་བྱིན་མ་ཚུགས་རུང་ གཞུང་ལས་ ས་ཚབ་ཅིག་བྱིན་རུང་ ཕན་ཐོགས་ཆེ་ནི་མས་ཟེར་ཨིན་པས།
རུབ་བྷ་དུར་མོང་གར་བཟུམ་སྦེ་ གཞན་གྱི་ས་ཞིང་གུ་ སྡོད་མི་ཅིག་ སྐྱེས་ལོ་༤༥ ལང་མི་ ཁར་ཀ་བྷ་དུར་རའི་དེ་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ ཆུ་སྨད་ཐང་ལུ་ ས་ཨེ་ཀར་༧.༩༥ ཡོད་རུང་ རི་དྭགས་གླངམོ་ཆེ་གི་ གནོད་སྐྱོན་ལུ་བརྟེན་ བཟའ་སྤྱོད་འབད་མ་ཚུགས་པའི་ཁར་ གཞན་ཁར་ས་ཞིང་མེདཔ་ལས་ གཞན་གྱི་ས་ཞིང་གུ་ སྡོད་དོ་ཟེར་ཨིན་པས།
ཁར་ཀ་བྷ་དུར་རའི་གིས་ སླབ་མིའི་ནང་ ད་རེས་ ཁང་གླ་བཟུམ་སྦེ་ ལོ་བསྟར་བཞིན་དུ་ རེད་ཊོན་༦༠ རེ་ བྱིན་དགོཔ་ལས་ གདོང་ལེན་སྦོམ་ བྱུང་དོ་ཡོདཔ་ལས་ གཞུང་གིས་ གློག་མེའི་ར་བ་དང་ ཡང་ཅིན་ ས་ཚབ་གནང་པ་ཅིན་ ཁོ་བཟུམ་མའི་ མི་སེར་ཉམ་ཆུང་ལུ་ ཕན་ཐོགས་སྦོམ་ འབྱུང་ནི་མས་ཟེར་ཨིན་པས།
ཕུན་ཚོགས་ཐང་རྒཔོ་ འཇམ་དབྱངས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཆུ་སྨད་ཐང་དེ་ གཡུས་ཚན་ཅིག་ ཨིན་པའི་ཁར་ ས་ཞིང་ཚུ་ཡང་ ལེགས་ཤོམ་ཡོདཔ་བཞིན་དུ་ ཤུལ་ལས་ རི་དྭགས་གླངམོ་ཆེ་ཚུ་གིས་ གནོད་སྐྱོན་ལུ་བརྟེན་ གཡུས་སྟོངམ་ཐོན་ཡོདཔ་ ངེས་བདེན་ཨིན་རུང་ ད་ལྟོ་ཚུན་ མི་ཚུ་གི་ཁ་ཐུག་ལས་ གློག་མེ་ར་བའི་ ཞབས་ཏོག་དང་ ས་ཚབ་ཀྱི་ སྙན་ཞུ་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ དེ་ཁར་ གློག་ཐག་ར་བ་བྱིན་ནིའི་དོན་ལུ་ ཀཝ་༢༠ ལྷགཔ་ཅིག་དགོཔ་བཞིན་དུ་ ཟད་འགྲོ་ཡང་ འབོར་ཆེ་ཏོག་ཏོ་གནས་ནི་ཨིན་རུང་ མི་ཚུ་གིས་ དེ་ཁར་སྡོད་ནིའི་ སྤྲོ་བ་ཡོད་པ་ཅིན་ གློག་ཐག་ར་བ་རྒྱབ་སྐྱོར་འབད་ནི་དང་ ས་ཚབ་དགོ་རུང་ ཞིབ་དཔྱད་འབད་དེ་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྙན་ཞུ་འབད་ཐོག་ རྒྱབ་སྐྱོར་འབད་ནི་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ཆོས་གླིང་།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *