དགེ་འདུན་སློབ་གྲྭ་ཚུ་ནང་ ལུས་ཐོག་ཉེས་ཁྲིམས་བཀལ་ནི་དེ་ བཀག་དམ་འབད་ཡོདཔ་ཨིན་མས།

རབ་སྡེ་གྲྭ་ཚང་ཚུ་ནང་ ཨ་ལོའི་རྩུབ་སྤྱོད་ མར་བབས་སོང་ཡོདཔ།

༉ རྒྱལ་ཁབ་ཀྱི་ གཞུང་གྲྭ་ཚང་མངའ་འོག་གི་ རབ་སྡེ་གྲྭ་ཚང་དང་ དགེ་འདུན་སློབ་གྲྭ་ཁག་ཚུ་ནང་ སྒྲིག་ཁྲིམས་དམ་དྲགས་ཡོདཔ་ལས་ དགེ་སློང་ནང་བཙུགས་མི་ མ་འཐོན་པའི་ཁར་ ག་དེམ་ཅིག་སྦེ་ དགེ་སློང་ནང་ བཙུགས་མི་འཐོན་རུང་ སྒྲིག་ཁྲིམས་ཚུ་ལུ་བརྟེན་ འབྱོག་འགྱོ་བའི་གནད་དོན་ཚུ་ མང་སུ་ཐོན་ཡོདཔ་ཨིན་པས།

ཕམ་ཚུ་གིས་ སྒྲིག་ཁྲིམས་དང་ བཏུལ་མ་ཚུགས་མི་ཚུ་རྐྱངམ་གཅིག་ དགེ་སློང་ནང་ བཙུགས་དོ་ཡོདཔ་བཞིན་དུ་ དགེ་སློང་ཚུ་གི་སེམས་ཁར་ ཁྲིམས་ཚུ་ དམ་དྲགས་སྦེ་ཡོད་རུང་ མི་ཚུ་ན་སྟེ་ དྲག་མ་ཚུགས་པ་ཅིན་ ལཱ་ཁག་སྦེ་ར་ རབ་སྡེ་ཁག་ཚུ་ནང་གི་ སྐུ་དྲུང་ཚུ་ལས་ རྟས་ཐག་ཞུ་བར་ འགྱོ་སྲོལ་ཡོད་པའི་ ལོ་རྒྱུས་ཚུ་ཡང་ ཡོདཔ་ཨིན་པས།

ཧེ་མ་འབད་བ་ཅིན་ སློབ་དཔོན་ཚུ་གིས་མ་ཚད་ དགེ་སློང་སྦོམ་ཚུ་གིས་ཡང་ ཆུང་ཀུ་ཚུ་ དྲང་ནི་ཡོད་རུང་ ད་རེས་ རབ་སྡེ་གྲྭ་ཚང་ཁག་ཚུ་ནང་ ཧེ་མ་དང་ཕྱདཔ་ད་ སྒྲིག་ཁྲིམས་ཚུ་ ལོག་ལྟབ་ཀྱིས་ བསྒྱུར་བཅོས་སོང་ཡོདཔ་ལས་ གྲྭ་ཚང་ཁག་ཚུ་ རྩུབ་སྤྱོད་མེད་པའི་ ཉེན་སྲུང་གི་ ས་ཁོངས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

ད་རེས་ གྲྭ་ཚང་ལྷན་ཚོགས་ལུ་ ཨ་ལོ་གཅེས་སྐྱོང་དང་ ཉེན་སྲུང་ཡིག་ཚང་ཅིག་ཡང་ ཡོདཔ་བཞིན་དུ་ ཡིག་ཚང་དེ་ འབྲུག་གི་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་ ཡུ་ནི་སི་ཨེཕ་གི་ རྒྱབ་སྐྱོར་ཐོག་ལས་ སྤྱི་ལོ་༢༠༠༩ ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

འགྱུར་བ།

ཨ་ལོ་གཅེས་སྐྱོང་དང་ ཉེན་སྲུང་འགོ་དཔོན་ འཇིགས་མེད་ཚེ་དབང་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༣ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཕྱི་གཟུགས་དང་འབྲེལ་བའི་ སྒྲིག་ཁྲིམས་ཚུ་ ཡངས་དྲགས་བཟོ་ཐོག་ལས་ ཉེས་ཆད་ཞི་བའི་ ཐབས་ལམ་བཏོན་དགོ་པའི་ བཀའ་རྒྱ་གནང་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གྲྭ་ཚང་ཁག་ཚུ་ནང་ ཨ་ལོ་དང་འབྲེལ་བའི་ རྩུབ་སྤྱོད་ཚུ་ མར་ཕབ་འབད་ནིའི་དོན་ལུ་ གོ་བརྡའི་ལས་རིམ་ཚུ་ འཕྲོ་མཐུད་འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ སློབ་དཔོན་ཚུ་ལུ་ཡང་ སྦྱོང་བརྡར་བྱིན་དོ་ཟེར་ཨིནམ་ད་ འདས་པའི་ལོ་ཚུ་ནང་ རྩུབ་སྤྱོད་དེ་ ལོག་ལྟབ་ཀྱིས་ མར་བབས་སོང་ཡོདཔ་ལས་ ད་ལྟོ་ཚུན་ རྩུབ་སྤྱོད་ཀྱི་གནད་དོན་ཚུ་ ཕུད་རྡོག་གཅིག་ཡང་ མེདཔ་བཞིན་དུ་ ཡིག་ཚུ་དེ་ནང་ སྡོད་གནས་ཚུ་ཡང་ ཡོདཔ་ཨིན་པས།

ཡིག་ཚང་གིས་ འཕྲལ་ཁམས་ཅིག་ཁར་ ཞིབ་འཚོལ་ཅིག་འབད་བའི་སྐབས་ སེམས་ཁམས་དང་འབྲེལ་བའི་ རྩུབ་སྤྱོད་ཚུ་ཡོད་པའི་ ཤེས་རྟོགས་བྱུང་ཡོད་མི་དེ་ཡང་ དགེ་སློང་ཚུ་ལུ་ སྐྱོན་བརྗོད་འབད་ནི་ཚུ་ ཁྱབ་ཆེ་དྲགས་འབད་ནི་དེ་གིས་ཨིནམ་ད་ དེ་ཚུ་བསལ་ནིའི་ ཐབས་ལམ་ཚུ་བཏོན་དོ་ཟེར་ འཇིགས་མེད་ཚེ་དབང་གིས་ བཤདཔ་ཨིན་པས།

ད་རེས་ རྒྱལ་ཁབ་ཀྱི་ རབ་སྡེ་གྲྭ་ཚང་ཁག་ཚུ་ནང་ དགེ་སློང་༡༢,༠༠༠ དེ་ཅིག་ ཡོདཔ་བཞིན་དུ་ དགེ་སློང་༧,༠༠༠ དེ་ཅིག་ སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ཨིན་པས།

གཞུང་གྲྭ་ཚང་གི་ བརྡ་དོན་དང་འཕྲུལ་རིག་འགོ་དཔོན་ ཐུབ་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ ད་རེས་ གྲྭ་ཚང་ཁག་ཚུ་ནང་གི་ དགེ་སློང་ཚུ་ལུ་ བཞེས་སྒོ་བཅུད་ཅན་ཚུ་ བྱིན་དོ་ཡོདཔ་བཞིན་དུ་ གཟུགས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ དཀའ་ངལ་ཡོད་མི་ཚུ་ལུ་ཡང་ དགོས་མཁོ་ཡོད་པའི་ དམིགས་བསལ་གྱི་ བཞེས་སྒོ་ཚུ་ཡང་ བདེ་སྒྲིག་འབད་བྱིན་དོ་ཟེར་ཨིན་པས།

དེ་བཟུམ་སྦེ་ གྲྭ་ཚང་ནང་ སྤྲོ་སྟོན་གྱི་དོན་ རྒྱང་མཐོང་ཊི་བི་དང་ རྩེད་རིགས་ཀྱི་ མཐུན་རྐྱེན་ཚུ་ཡང་ཡོདཔ་བཞིན་དུ་ ཏི་རུ་ཚུ་ གསོག་འཇོག་འབད་ནིའི་དོན་ལུ་ དགེ་སློང་ག་ར་ལུ་ པི་གི་བེངཀ་ཟེར་མི་ཚུ་ཡང་ཡོདཔ་ལས་ འདས་པའི་ལོ་དག་པ་ཅིག་ནང་ དེ་བཟུམ་མའི་ བསྒྱུར་བཅོས་སྦོམ་སོང་ཡོད་མི་དེ་ སེམས་ཁ་ར་ མནོ་མ་ཚུགསཔ་ཅིག་ཨིན་ཟེར་ ཐུབ་བསྟན་རྒྱ་མཚོ་གིས་ བཤདཔ་ཨིན་པས།

བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭའི་ དབུ་འཛིན་ཚེ་དབང་གིས་ བཤད་མིའི་ནང་ དཔེ་ཆའི་དུས་ཚོད་དེ་ རིང་དྲགས་རུང་ དགེ་སློང་ཚུ་ལུ་ སེམས་ཁམས་དང་འབྲེལ་བའི་ གདོང་ལེན་ཚུ་ བྱུང་ཡོདཔ་ལས་ དེ་ཚུ་སེལ་ཐབས་ལུ་ དཔེ་ཆ་ལྷབ་སྟོན་འབད་ནིའི་ དུས་ཚོད་བར་ཕབ་འབད་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཉིན་མའི་ཆུ་ཚོད་༡༢ ལས་ ཕྱེད་དང་༢ ཚུན་ ངལ་གསོ་ཨིནམ་ལས་ ཁོང་ཆ་ཁབ་ཀྱིས་ ཉལ་ནི་དང་ རྩེདམོ་རྩེ་ནི་ དེ་ལས་ གོ་ལ་འཁྱུ་ནི་ལ་སོགས་པ་ཚུ་ ག་ཅི་འབད་ར་རུང་འབད་ཆོག་ཟེར་ ཨིནམ་བཞིན་དུ་ ཕྱི་རུ་དགེ་སློང་ཚུ་ རྩེདམོ་རྩེ་བཅུག་དོ་ཟེར་ཨིན་པས།

སྐྱེས་ལོ་༡༩ ལང་མི་ དགེ་སློང་པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ སྐྱེས་ལོ་༨ ལས་ དགེ་སློང་ནང་ འཛུལ་ཡོདཔ་བཞིན་དུ་ དེ་བསྒང་ དོན་དག་ཡོད་རུང་མེད་རུང་ སློབ་དཔོན་དང་ དགེ་སློང་སྦོམ་ཚུ་གིས་ ཆུང་ཀུ་ཚུ་ དྲང་ནི་ཡོདཔ་མ་ཚད་ དཔེ་ཆའི་དུས་ཚོད་དེ་ཡང་ རིང་དྲགས་ནི་དེ་གིས་ སྤྲོ་བ་ཚུ་ཡང་ ཉམས་ནི་ཡོད་ཟེར་ཨིན་པས།

ཨིན་རུང་ ད་རེས་ དུས་ཀྱི་འགྱུར་བ་དང་བསྟུན་ དཔེ་ཆའི་དུས་ཚོད་ མར་ཕབ་འབད་ཡོད་པའི་ཁར་ དགེ་སློང་ཚུ་ཡང་ དྲང་མ་ཆོགཔ་ལས་ ག་དེམ་ཅིག་སྦེ་ དགེ་སློང་ཚུ་གིས་ འཛོལ་བ་དང་ འཐུས་ཤོར་ཚུ་འབྱུང་རུང་ སློབ་དཔོན་ཚུ་གིས་ བསླབ་སྟོན་བྱིན་ཏེ་ བཅོ་ཁ་རྐྱབ་ནི་ཡོདཔ་ལས་ དཔེ་ཆ་ལྷབ་ནི་ལུ་ཡང་ སྤྲོ་བ་འོངམ་མས་ཟེར་ པདྨ་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *