རབ་ཏི་སྤྱི་འོག་གི་ གཡུས་ཚན།

རབ་ཏེ་སྤྱི་འོག་གི་ མི་སེར་ཚུ་ སོ་ནམ་ཞིང་ལམ་བསལ་ནི་མེད་མི་ལུ་ ཚ་གྱང་ལང་དོ་ཡོདཔ།


༉ བཀྲིས་གཡང་རྩེ་ ཡོ་ཤིང་ལས་ རབ་ཏི་སྤྱི་འོག་གི་ གཡུས་ཚན་ཚུ་ནང་ སོ་ནམ་ཞིང་ལམ་མཐུད་སྦྲེལ་མ་འབད་མི་ལུ་བརྟེན་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་འདུག།

དེ་ཡང་ སྟོང་ཞང་རྒེད་འོག་བརྒྱུད་དེ་ སོ་ནམ་ཞིང་བཏོན་ཡོད་རུང་ གནམ་བྱཱར་སྣུམ་འཁོར་མ་ཐལ་མི་དང་ ལམ་ཐག་རིང་ནི་དེ་གིས་ཨིནམ་མ་ཚད་ སོ་ནམ་ཞིང་ལམ་བཏོན་ནིའི་དོན་ལུ་ རྒེད་འོག་བདག་སྐྱོང་གིས་ ཞིབ་དཔྱད་འབད་ཚར་ནི་དེ་གིས་ཨིན་ཟེར་ སོ་ནམ་པ་ཚུ་གིས་ བཤདཔ་ཨིན་པས།

རབ་ཏི་སྤྱི་འོག་དེ་ སྟོང་ཞང་རྒེད་འོག་གི་ སྦོ་ལོགས་ཁར་ཆགས་ཡོདཔ་བཞིན་དུ་ མཁོ་ལོང་ཆུ་གིས་ བཅད་ཡོདཔ་ཨིན་པས།

ས་གནས་ཀྱི་མི་ཚུ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་ རྒེད་འོག་ནང་འགྱོ་དགོ་པ་ཅིན་ གཡུས་ཁ་ལས་ དཀོན་མཆོག་གླིང་གཡུས་ཚན་མཇུག་ལུ་འབབ་སྟེ་ དོག་གསུམ་དང་ བཀྲིས་གཡང་རྩེ་གཞུང་ལམ་ཐོན་ཏེ་ འགྱོ་དགོཔ་ལས་ དུས་ཚོད་འགོརཝ་མས་ཟེར་ཨིན་པས།

རབ་ཏེ་སྤམ་ལུ་སྡོད་མི་ སྒྲོལ་མ་གིས་ སླབ་མིའི་ནང་ སྟོང་ཞང་རྒེད་འོག་ལས་ མཐུད་སྦྲེལ་འབད་མི་སོ་ནམ་ཞིང་ལམ་དེ་ ཏན་ཏན་ཅིག་མེདཔ་ལས་ གནམ་བྱཱར་ལུ་ སྣུམ་འཁོར་མ་ཐལ་བའི་ དཀའ་ངལ་བྱིནམ་མས་ཟེར་ཨིན་པས།

སྤྱི་འོག་ནང་ སྟོང་ཞང་རྒེད་འོག་བརྒྱུད་དེ་ འཁོར་ལམ་མཐུད་སྦྲེལ་འབད་ཡོད་རུང་ སྤྱི་འོག་སྟོད་ཀྱི་ མི་སེར་ཚུ་ལུ་མ་གཏོགས་ བར་ན་སྡོད་མི་ཚུ་ལུ་ དེ་ཅིག་ར་ ཕན་མི་ཐོགས་པས་ཟེར་ཨིནམ་ད་ ཁུར་ཆ་ག་ཅི་འབད་རུང་ སྒལ་ཏོ་ཁར་འབག་སྟེ་ བསྐྱལ་དགོ་ཟེར་ མོ་གིས་སླབ་ཨིན་པས།

སོ་ནམ་པ་ སྲིད་མཐར་ཕུན་ཚོགས་ཀྱིས་འབད་བ་ཅིན་ རྒེད་འོག་བདག་སྐྱོང་གིས་ སོ་ནམ་འཁོར་ལམ་བཏོན་ནིའི་ ཞིབ་དཔྱད་འབད་ཚར་རུང་ འཁོར་ལམ་བཏོན་ནི་མིན་འདུག་ཟེར་ཨིནམ་ད་ སོ་ནམ་ཞིང་ལམ་བསལ་གནང་པ་ཅིན་ འབྱ་ཞིང་ཡོད་མི་ཚུ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་མེད་མི་ལུ་བརྟེན་ ཞིང་རྨོ་འཕྲུལ་པ་ཝར་ཊི་ལར་ སྐྱེལ་འདྲེན་འབད་ནི་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་ གནམ་བྱཱར་ལུ་ ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འབད་དོ་ཡོད་རུང་ སྐྱེལ་འདྲེན་འབད་ནི་ལུ་ དཀའ་ངལ་ཡོད་ནི་དེ་གིས་ དེ་ཅིག་ར་ འཛུགས་སྐྱོང་འབད་ནི་མེདཔ་ཨིན་པས།
གཡུས་མི་ དཀར་མདོག་གིས་ སླབ་མིའི་ནང་ ས་གནས་ནང་ ཚོད་བསྲེ་དང་ ལོ་ཐོག་གི་རིགས་ཚུ་ ག་ཅི་འབད་རུང་ ལེགས་ཤོམ་སྦེ་ འཚོཔ་ཨིན་ཟེར་ཨིན་པས།

ས་གནས་ཀྱི་མི་སེར་ཚུ་གིས་ རང་བཟའ་སྤྱོད་འབད་ནི་མ་གཏོགས་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེ་དེ་ཅིག་ར་ འཛུགས་སྐྱོང་འབད་ནི་མེད་ཟེར་ཨིནམ་ད་ འཁོར་ལམ་བསལ་གནང་པ་ཅིན་ མི་སེར་མང་ཤོས་ཀྱིས་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེ་འཛུགས་སྐྱོང་འབད་འོང་ཟེར་ཨིན་པས།

གཡུས་མི་ཅིག་གིས་ སླབ་མིའི་ནང་ སྤྱི་འོག་ལས་ རྒེད་འོག་ལྟེ་བ་ནང་འགྱོ་དགོ་པ་ཅིན་ སྣུམ་འཁོར་ནང་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་ འགོརཝ་མས་ཟེར་ཨིནམ་ད་ ཞིང་ལམ་གསརཔ་ བཏོན་གནང་པ་ཅིན་ དུས་ཚོད་དང་ ལམ་གཉིས་ཆ་ར་ ཐུང་སུ་འགྱོ་ནི་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལམ་བཏོན་ནིའི་ ཞིབ་དཔྱད་འབད་ཚར་རུང་ ལམ་བཏོན་མ་ཚུགས་མི་དེ་ ཧ་གོ་མི་ཚུགས་པས་ཟེར་ ཨིན་པས།

སྤྱི་འོག་ཚོགས་པ་ ཐུགས་རྟེན་བཀྲིས་འབད་བ་ཅིན་ འཕྲལ་མགྱོགས་ར་ སོ་ནམ་ཞིང་ལམ་ བཏོན་གནང་དགོ་པའི་སྐོར་ལས་ རྒེད་འོག་བདག་སྐྱོང་དང་གཅིག་ཁར་ ཁ་སླབ་སྟེ་ར་ ཡོད་ཟེར་ཨིན་པས།

རྒེད་འོག་བདག་སྐྱོང་གིས་ འཁོར་ལམ་བསལ་ནིའི་དོན་ལུ་ ས་བརྐོ་འཕྲུལ་ཆས་ལུ་ སྒུག་སྟེ་ཡོད་ཟེར་ རྒཔོ་གིས་ ཁོ་ལུ་སླབ་དེས་ཟེར་ཨིནམ་ད་ འཁོར་ལམ་དེ་གིས་ སྤྱི་འོག་གི་ཁྱིམ་གུང་༤༠ ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ ཚོགས་པ་ ཐུགས་རྟེན་བཀྲིས་ཀྱིས་ སླབ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འཁོར་ལམ་བསལ་ཚར་བའི་བསྒང་ལས་ གཡུས་སྤང་འགྱོ་མི་དང་ གུང་སྟོང་གི་གྱངས་ཁ་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

གཡུས་མི་ཚུ་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་དང་ ས་གནས་གཞུང་གི་ འགོ་འཁྲིདཔ་བཙག་འཐུ་འབད་བའི་སྐབས་ སྐུལ་བསྒྲགས་ནང་ འཁོར་ལམ་ལ་སོགས་པ་ཚུ་ བཏོན་བྱིན་འོང་ཟེར་ སླབ་སྟེ་འབད་རུང་ གོ་གནས་ཐོབ་པའི་བསྒང་ལས་ འབད་མི་ག་ནི་ཡང་མིན་འདུག་ཟེར་ཨིན་པས།

ས་གནས་ཀྱི་མི་ཚུ་ ས་གནས་གཞུང་གི་ བཙག་འཐུ་འབད་ཚརཝ་ཅིག་ སོ་ནམ་ཞིང་ལམ་བསལ་འོང་ཟེར་བའི་ རེ་བ་བསྐྱེད་ཡོདཔ་ད་ འཁོར་ལམ་བསལ་ནི་མེད་མི་ལུ་ ཚ་གྱང་ལང་སྟེ་ཡོད་ཟེར་ སོ་ནམ་པ་ རྒས་ཤོས་ཅིག་གིས་ བཤདཔ་ཨིན་པས།

གཡང་རྩེ་རྒཔོ་ མགོན་པོ་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་དགོ་པའི་སྐོར་ལས་ རྒེད་འོག་བདག་སྐྱོང་གི་ ཧ་གོ་སྟེ་ཡོད་ཟེར་ཨིནམ་ད་ སོ་ནམ་ཞིང་ལམ་གྱི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༡.༣ དེ་ཅིག་ བཞག་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་སླབ་མི་ནང་ རྩིས་ལོ་དེ་ནང་བཞག་མི་ མ་དངུལ་གྱིས་ མ་ལང་རུང་ ཤུལ་མའི་རྩིས་ལོ་ནང་ མ་དངུལ་བཞག་སྟེ་ སོ་ནམ་ཞིང་ལམ་འཕྲོ་མཐུད་ བསལ་བྱིན་འོང་ཟེར་ རྒཔོ་གིས་ སླབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *