རང་སྲོག་རང་གིས་ལྕེབས་པའི་གདོང་ལེན?

༉ རྒྱལ་ཁབ་ནང་ རང་སྲོག་བཅད་མི་དེ་ མི་མང་གསོ་བའི་དཀའ་ངལ་སྦོམ་ཅིག་སྦེ་ར་ གནས་ཏེ་ཡོདཔ་མ་ཚད་ རང་གིས་རང་ལྕེབས་ཏེ་ ཤི་ནི་གི་ དཔའ་བཅམ་མི་ཡང་ མང་སུ་ཐོན་དོ་ཡོདཔ་ལས་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།

རང་སྲོག་བཅད་ནིའི་ དཔའ་བཅམ་མི་དེ་ཡང་ མང་ཤོས་ར་ ན་གཞོན་ཚུ་ཨིན་རུང་ དེ་བཟུམ་སྦེ་ ལྕེབས་ཤི་ནིའི་ རྟགས་མཚན་སྟོན་མིའི་སྐོར་ལས་ ང་བཅས་མང་ཤོས་ཅིག་གིས་ མི་ཤེས་དོ་ཡོདཔ་ད་ གལ་སྲིད་ ཤེས་རྟོགས་བྱུང་པ་ཅིན་ སྔོན་འགོག་འབད་ནིའི་ འོས་འབབ་མཐོངམ་མས།

དེ་ཡང་ རང་སྲོག་བཅད་མིའི་སྐོར་ལས་ རྒྱལ་ཡོངས་ཚོགས་སྡེའི་ མི་སྡེ་དང་ལམ་སྲོལ་ལས་དོན་ཚོགས་ཆུང་གི་ སྔོན་འགྲོའི་སྙན་ཞུ་ལུ་ བལྟ་བ་ཅིན་ ཚ་གྱང་ལང་དགོཔ་འདུག།

ག་འཆརཔ་ཟེར་བ་ཅིན་ སེམས་ཁམ་དང་འབྲེལ་བའི་ ནད་གཞིའི་དོན་ལུ་ སྨན་བཅོས་དགོ་པའི་ ཞུ་བ་འབད་མི་ཡར་སེང་དང་ རང་སྲོག་བཅད་མིའི་གྱངས་ཁ་ མཐོ་དྲགས་ཡོད་རུང་ འདས་པའི་ལོ་ལྔ་ནང་ འཆར་དངུལ་ས་ཡ་༣.༥ འོག་རྒྱུ་ལུ་མ་གཏོགས་ སྐལ་བཞག་མ་འབད་མི་ལས་ རང་སྲོག་ལྕེབས་ཤིའི་ གནད་དོན་ལུ་ གཙོ་རིམ་བཟུང་ནི་མེད་པའི་ བརྡ་མཚོན་སྟོནམ་མས།

སྙན་ཞུ་ནང་ མི་སྟོབས་དང་ མི་ཚེ་བསྐྱར་གསོ་ལྟེ་བ་ལངམ་མེད་མི་དེ་གིས་ཡང་ སེམས་ཁམས་འཕྲོད་བསྟེན་གྱི་ དཀའ་ངལ་སེལ་ནི་དང་ རང་སྲོག་བཅད་ནི་ སྔོན་འགོག་འབད་ནི་ལུ་ བར་ཆད་བྱུང་སྟེ་འདུག་ཟེར་བཀོད་ནུག།

རང་སྲོག་བཅད་པའི་ གནད་དོན་དེ་ མགུ་རྙོགས་དྲགས་ཨིནམ་ལས་ འཇམ་ཏོང་ཏོ་སྦེ་ སེལ་ཐབས་མེདཔ་ ཤེས་རྟོགས་ཡོདཔ་ད་ རང་གིས་རང་ ལྕེབས་ཤི་མི་བརྒྱ་ཆ་༩༠ དེ་ཅིག་ སེམས་ནད་དང་ སེམས་རྒྱུན་བརྟན་མེད་མི་ དེ་ལས་ སྨྱོ་རྫས་དང་ ཆང་ལག་ལེན་འཐབ་མི་ཚུ་ཨིན་མས།

ང་བཅས་ཀྱི་ ལམ་སྲོལ་ནང་ འདི་བཟུམ་མའི་ དཀའ་ངལ་ཡོད་མི་དང་ སེམས་ནད་ཡོད་མི་ཚུ་ལུ་ ལོ་རྒྱུས་དྲི་ནི་དེ་ གཡང་ཟཝ་མ་ཚད་ དྲི་རུང་ རང་སྲོག་ལྕེབས་ཏེ་ཤི་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ འབྲེལ་བ་གངམ་ མ་འཐབ་པར་སྡོདཔ་ཨིན་མས།

མི་དེ་གིས་ རང་སྲོག་བཅད་ནི་ཨིནམ་ ཤེས་རྟོགས་བྱུང་པ་ཅིན་ སེམས་ཁམས་ཀྱི་ ལཱ་འབད་མི་ གསོ་བའི་ལས་བྱེདཔ་དང་ ཡང་ཅིན་ ཁྱད་རིག་ཅན་གྱི་ བསླབ་སྟོན་པ་ཅིག་ལུ་ སེམས་ནད་བཅོ་ཁ་རྐྱབ་བཅུག་དགོ།

དེ་མེན་རུང་ རང་སྲོག་ལྕེབས་ཉེན་ཡོད་པ་ཅིན་ ཁྱིམ་ནང་ ཕོ་མོ་གང་རུང་དང་གཅིག་ཁར་ ཆ་རོགས་སྦེ་ སྡོད་ནི་དེ་ཡང་ཁག་ཆེ། 

ད་རེས་ནངས་པར་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ལུ་བརྟེན་ མི་མང་ཤོས་ར་ ཁྱིམ་ནང་ན་ སྡོད་དོ་ཡོདཔ་ལས་ བཟའ་ཚང་ནང་འཁོད་ལུ་ བློ་སླབ་ནི་དང་ ནང་པའི་ཆོས་ནང་ རང་སྲོག་བཅད་ནི་དེ་ རྩ་ལས་ར་ མ་བཏུབ་པའི་ གོ་བ་བཤད་བྱིན་དགོ།

མ་གཞི་ གདོང་ལེན་སྦོམ་ཡོད་རུང་ རང་སྲོད་བཅད་པའི་ རྩོད་དོན་མར་ཕབ་འབད་ནིའི་ ཐབས་ལམ་དྲག་ཤོས་ར་ གོ་བ་བརྡ་སྤྲོད་འབད་ནི་དེ་ཨིནམ་ལས་ སློབ་གྲྭ་དང་ གཙུག་སྡེ་ ཕམ་ཚུ་གིས་འབད་རུང་ འགན་ཁུར་ཐེབས་འབག་སྟེ་ སྤྱི་རུབ་ཐོག་ལས་ ལྕེབས་ཤི་སྔོན་འགོག་འབད་དེ་ སེམས་ནད་ཡོད་མི་ཚུ་ལུ་ སེམས་ཤུགས་བྱིནམ་དང་འབྲེལ་ རྒྱབ་སྐྱོང་གང་དྲག་འབད་དགོཔ་དེ་ ཧ་ཅང་གིས་གལ་ཆེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *