རང་སྲོག་བཅད་མིའི་གནད་དོན་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ།

༉ རྒྱལ་ཁབ་ནང་ རང་སྲོག་བཅད་མི་ བཀག་ཐབས་ཀྱི་སྲིད་བྱུས་འགོ་བཙུགས་ཏེ་ དུས་ཅི་འབདཝ་ད་ ལོ་༡ ལྷག་སོ་རུང་ དོ་འགྲན་ཅན་ཅིག་སྦེ་ར་ ལུས་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ རང་སྲོག་བཅད་མི་དེ་ འབྲུག་མི་ཚུ་གི་ཚེ་སྲོག་ལུ་ བར་ཆད་རྐྱབ་མི་ རྒྱུ་རྐྱེན་ངོ་མ་ མཐོ་ཤོས་༦ གི་གྲས་ལས་༡ ཨིན་ཟེར་ཨིན་པས།
མ་གཞི་ རང་སྲོག་བཅད་མི་ བཀག་ཐབས་ཀྱི་སྲིད་བྱུས་དེ་ སྤྱི་ལོ་༢༠༡༥ འི་ ཟླ་༥ པའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་གནང་རུང་ ད་རེས་ སྲིད་བྱུས་དེ་ ལེགས་ཤོམ་སྦེ་ བསྟར་སྤྱོད་འབད་མ་ཚུགས་པར་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༥ པ་ཚུན་ རང་སྲོག་བཅད་མི་༤༢ ཐོ་བཀོད་འབད་མི་ལུ་བལྟ་བ་ཅིན་ དཀའ་ངལ་དེ་ སེལ་ཚུགས་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ འབྱུང་ནི་ཨིན་པས།
རྒྱལ་ཡོངས་རང་སྲོག་བཅད་མི་ བཀག་ཐབས་ལས་རིམ་གྱི་ ལས་རིམ་འགོ་དཔོན་ ཡེ་ཤེས་དབང་འདུས་ཀྱིས་ སླབ་མིའི་ནང་ རང་སྲོག་བཅད་དགོ་པའི་ རྒྱུ་རྐྱེན་དེ་ ཧ་གོ་ནི་ལུ་ ལཱ་ཁག་ཨིནམ་ལས་ གདོང་ལེན་འབད་ནིའི་དོན་ལུ་ ལས་སྡེ་གཅིག་དང་གཉིས་ཀྱིས་ འབད་མི་ཚུགས་ཟེར་ཨིན་པས།
དེ་བཟུམ་གྱི་དཀའ་ངལ་དེ་ ས་གནས་གཞུང་གི་ གནས་ཚད་ནང་ཡང་ གདོང་ལེན་འབད་ནིའི་དོན་ལུ་ སྲིད་བྱུས་དེ་ རྫོང་ཁག་༢༠ ག་རའི་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ད་ལྟོ་ རྫོང་ཁག་ཚུ་ནང་ཡང་ ལེགས་ཤོམ་སྦེ་ བསྟར་སྤྱོད་འབད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།
ཡེ་ཤེས་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱལ་ཡོངས་རང་སྲོག་བཅད་མིའི་ བཀག་ཐབས་ལས་རིམ་དང་ ཁྲིམས་སྲུང་འགག་སྡེ་གིས་ མཉམ་རུབ་ཐོག་ལས་ རྒྱལ་ཡོངས་རང་སྲོག་བཅད་མིའི་ ཐོ་བཀོད་ལས་རིམ་ཅིག་ཡང་ འགོ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ ལས་རིམ་དེའི་ཐོག་ལས་ རང་སྲོག་བཅད་མི་ཚུ་ ཐོ་བཀོད་འབད་དོ་ཡོདཔ་ཨིན་པས།
ན་ཧིང་ མི་གྲངས་༩༢ ཀྱིས་ རང་སྲོག་བཅད་ཡོད་མི་ལས་༣༤ མི་སེར་སོ་ནམ་པ་ཨིནམ་ད་ ཡོངས་བསྡོམས་ལས་ མཐོ་ཤོས་ར་ ཆུ་ཁ་ལུ་༡༦ དང་ བསམ་རྩེ་ལུ་༡༠ དེ་ལས་ པདྨ་དགའ་ཚལ་དང་རྩི་རང་ལུ་ རང་སྲོག་བཅད་མི་༧ རེ་ཐོན་ནུག།
ལོ་ནའི་ཐད་ལས་འབད་བ་ཅིན་ རང་སྲོད་བཅད་མི་ མཐོ་ཤོས་དེ་ སྐྱེས་ལོ་༢༡ དང་༣༠ གྱི་བར་ན་ཨིནམ་བཞིན་དུ་ ན་ཧིང་ ལོ་ཚད་དེ་ནང་ཚུད་མི་༤༡ གིས་ རང་སྲོག་བཅད་ནུག།
ཁྲིམས་སྲུང་འགག་སྡེའི་ཐོ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༣ ལས་༢༠༡༥ གི་བར་ན་ རང་སྲོག་བཅད་མི་༣༡༤ དང་ རང་སྲོག་བཅད་ནི་ལུ་ དཔའ་བཅམ་མི་༥༤ ཐོ་བཀོད་འབད་ཡོདཔ་ད་ དེའི་གྲས་ལས་༩༢ སྐྱེས་ལོ་༢༤ མན་ཆད་འབད་མི་ཚུ་ཨིནམ་ད་ སྤྱི་ལོ་༢༠༠༩ ལས་༢༠༡༣ གྱི་བར་ན་འབད་བ་ཅིན་ རང་སྲོག་བཅད་མི་༣༦༡ ཐོན་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *