རང་སྲོག་བཅད་མི་ བཀག་ནིའི་འགན་ཁུར?

༉ རྒྱལ་ཁབ་གོང་འཕེལ་འགྱོ་མི་དང་བསྟུན་ མི་འབོར་ཡང་ ཡར་འཕར་འགྱོ་བའི་ ནམ་དུས་ལུ་ སེམས་ཁམས་ཀྱི་ ནད་གཞི་དང་ སེམས་ཤི་ནི་ལ་སོགས་པའི་ གནད་དོན་མ་འདྲཝ་ཚུ་ལུ་བརྟེན་ རང་སྲོག་བཅད་མི་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་མས།
དེ་ཡང་ འབྲུག་རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༣ ལས་༢༠༡༥ གི་བར་ན་ རང་སྲོག་བཅད་མི་༣༡༤ ཐོ་བཀོད་འབད་ཡོདཔ་བཞིན་དུ་ ན་ཧིང་ལས་ དུས་ཅི་ སྤྱི་ཟླ་༥ པ་ཚུན་ཚོད་ཀྱི་ ནང་འཁོད་ལུ་ར་ རང་སྲོག་བཅད་མི་༡༣༤ ཐོ་བཀོད་འབད་མི་དེ་ རྣམ་རྟོག་ལང་སི་སི་དང་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
ང་བཅས་ཀྱིས་ རང་སྲོག་བཅད་མིའི་རྒྱུ་རྐྱེན་ ག་ཅི་ཨིན་ན་ ལེགས་ཤོམ་སྦེ་ ཧ་གོ་ནི་དེ་ ལཱ་ཁག་ཡོད་མི་དེ་ཡང་ རང་སྲོག་བཅད་མི་ མང་ཤོས་ར་ སེམས་ཁམས་དང་འབྲེལ་བའི་ ནད་གཞི་དང་ རང་གི་བཟའ་ཚང་ནང་ དཀའ་ངལ་ཐོན་མི་ལུ་བརྟེན་ཨིནམ་སྦེ་ སྙན་ཞུ་ཚུ་ནང་ཡང་ འཁོད་དེ་འདུག།
མ་གཞི་ རྒྱལ་ཁབ་ནང་ རང་སྲོག་བཅད་མི་ བཀག་ཐབས་འབད་ནིའི་ སྲིད་བྱུས་ཡོད་རུང་ ལག་ལེན་འཐབ་མ་ཚུགས་ནི་དེ་གིས་ ལྕེབས་ཤིའི་དཀའ་ངལ་ལུ་ ཐད་ཀར་དུ་ གདོང་ལེན་འབད་ མི་ཚུགས་དོ་ཡོདཔ་ཨིན་མས།
འབྲེལ་ཡོད་ལས་སྡེ་ཚུ་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༣ དང་༢༠༡༥ གི་བར་ན་ རང་སྲོག་བཅད་མི་༣༡༤ ཐོན་ས་ལས་ སྐྱེས་ལོ་༣༤ ལས་ མན་ཆད་འབད་མི་༩༢ ཨིན་མི་ལུ་བལྟ་བ་ཅིན་ རང་སྲོག་བཅད་མི་ མང་ཤོས་ར་ ན་གཞོན་དང་ ན་ལོན་ལུ་ འགྱུར་བའི་བསྒང་ཨིན་མི་ཚུ་ཨིན་མས།
ལོ་ན་གཞོན་པའི་བསྒང་ལས་ རང་སྲོག་བཅདཔ་ད་ རང་གི་ཚེ་སྲོག་ མེདཔ་བཏངམ་མ་ཚད་ གཞུང་དང་ཕམ་སྤུན་ཆ་ཚུ་ལུ་ཡང་ གྱོང་རྒུད་ཕོག་བཅུགཔ་ཨིན་མས། ག་འཆརཔ་ཟེར་བ་ཅིན་ ཕམ་ཚུ་གིས་ དཀའཝ་སྤྱད་དེ་ ཨ་ལོ་ཚུ་ ཆུང་རྐང་ཐང་དྲང་། སྦོམ་མི་གྲལ་བཙུགས་པའི་མཐའ་མར་ གཞུང་ལས་ ཤེས་ཡོན་ཚུ་ རིན་མེད་སྟོང་པར་གནང་མི་དེ་ འཕྲོ་བརླག་འགྱོ་ནི་དེ་གིས་ཨིན།
ནང་པའི་ཆོས་ལས་འབད་རུང་ རང་སྲོག་བཅད་མི་དེ་ ལྟུང་བ་ཟེར་ སྡིག་པ་སྦོམ་ཡོད་མི་དེ་ཡང་ སྤྱིར་བཏང་ དལ་འབྱོར་མི་ལུས་འཐོབ་ནི་དེ་ ལཱ་ཁག་ཅིག་ཨིནམ་ལས་ ཚར་གཅིག་ཐོབ་མི་དེ་ མི་ཚེ་འཕྲོ་བརླག་བཏངམ་ད་ མ་རུངས་པའི་ བྱ་སྤྱོད་ཅིག་ཨིན་མས།
མི་ལུས་དེ་ འགྲོ་བ་རིགས་དྲུག་སེམས་ཅན་ཚུ་གི་གྲས་ལས་ ལུས་མཆོག་ཏུ་འགྱུར་པ་ཅིག་ཨིནམ་ད་ ལུས་རྟེན་དེ་ལུ་བརྟེན་ ཆོས་འབད་དེ་ སངས་རྒྱས་ནིའི་ གོ་སྐབས་ཡོདཔ་ལས་ རང་སྲོག་བཅད་པ་ཅིན་ དེ་གི་ཉེས་དམིགས་ལུ་བརྟེན་ སྐྱེ་བ་རིམ་པར་༩ གི་བར་ན་ རང་སྲོག་བཅད་དེ་ར་ སྡོད་དགོ་ནི་ཨིན་མས།
རང་སྲོག་གཅད་ནི་ལས་ བཀག་ཐབས་དང་ ཐབས་ཤེས་བཏོན་ནི་དེ་ གཞུང་ལུ་རྐྱངམ་གཅིག་ལུ་ འགན་འཁྲི་བཀལ་བཞག་ནི་མེན་པར་ མི་སྡེ་དང་ ཕམ་ཚུ་གིས་ཡང་ འགན་ཁག་སྦོམ་སྦེ་ར་ འབག་དགོཔ་འདུག། དེ་ཡང་ རང་སོའི་བུ་གཞི་ཚུ་ ཆུང་ཀུ་བསྒང་ལས་ ལམ་སྟོན་དང་ བསླབ་བྱ་ལེགས་ཤོམ་བྱིན་ནི་ གལ་སྲིད་ རང་སྲོག་བཅད་པ་ཅིན་ དེའི་ཉེས་དམིགས་ཚུ་གི་སྐོར་ལས་ གོ་བ་སྤྲོད་བྱིན་པ་ཅིན་ དེ་གིས་ ཕན་ཐོགས་སྦོམ་འབྱུང་ནིའི་ གོ་སྐབས་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *