རང་སྐྱོང་སློབ་གྲྭ་ཚུ་ལུ་ མ་དངུལ་བགོ་བཀྲམ་འབད་ནི་མཚམས་འཇོག།

༉ དངུལ་རྩིས་ལྷན་ཁག་གིས་ རང་སྐྱོང་སློབ་གྲྭ་ཚུ་ལུ་ མ་དངུལ་བགོ་བཀྲམ་འབད་ནི་ མཚམས་འཇོག་འབད་མི་དང་བསྟུན་ རང་སྐྱོང་སློབ་གྲྭ་ཚུ་གིས་ རང་སྐྱོང་སློབ་གྲྭའི་གནས་ཚད་ ག་བཟུམ་ཅིག་ཨིན་ན་ཟེར་བའི་ དྲི་བཀོད་འབདཝ་ཨིན་པས།

ལྷན་ཁག་གིས་ སློབ་གྲྭ་ལྟེ་བ་དང་ རང་སྐྱོང་སློབ་གྲྭའི་ མ་དངུལ་ཚུ་ ས་གནས་གཞུང་གི་ ལོ་བསྟར་གནང་བྱིན་མ་དངུལ་ནང་ ལོ་བསྟར་ཟད་རྩིས་འཆར་དངུལ་དང་ གློག་རིག་མི་མང་ཟད་རྩིས་འཛིན་སྐྱོང་བརྒྱུད་དེ་ བགོ་བཀྲམ་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།

ཨ་རྟག་འབད་བ་ཅིན་ མ་དངུལ་དེ་ སློབ་གྲྭའི་སི་ཌི་རྩིས་ཁྲ་ནང་ ཐད་ཀར་དུ་ བཙུགས་དོ་ཡོདཔ་ཨིན་རུང་ ད་ལས་ཕར་ སི་ཌི་རྩིས་ཁྲ་ཚུ་ཡང་ བསྡམས་ཡོདཔ་ཨིན་པས།

ད་ལས་ཕར་ སློབ་གྲྭ་ཚུ་གིས་ འཆར་དངུལ་གི་དོན་ལུ་ ས་གནས་གཞུང་བརྒྱུད་དགོཔ་ད་ ཧེ་མ་འབད་བ་ཅིན་ སློབ་གྲྭ་ཚུ་ལུ་ མ་དངུལ་གྱི་ རང་དབང་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༥ ལས་ སློབ་གྲྭ་ལྟེ་བ་ཚུ་ལུ་ རང་དབང་སྤྲོད་ཡོདཔ་ད་ སློབ་གྲྭ་ལ་ལོ་ཅིག་ རང་དབང་དངུལ་འབྲེལ་ཐོག་ལས་ འཛིན་སྐྱོང་འཐབ་སྟེ་ཡོདཔ་ཨིན་པས།

མི་ཚུ་གིས་ སླབ་མིའི་ནང་ ད་རེས་ སི་ཌི་རྩིས་ཁྲ་ཚུ་ བསྡམས་བཞག་མི་ལུ་བརྟེན་ འཆར་དངུལ་གྱི་དབང་ཆ་མེདཔ་ད་ སློབ་གྲྭ་ལྟེ་བ་དང་ རང་སྐྱོང་སློབ་གྲྭ་ཚུ་ག་ར་ སློབ་གྲྭ་གཞན་ཚུ་བཟུམ་སྦེ་ ས་གནས་གཞུང་གི་ མ་དངུལ་ལུ་ བརྟེན་སྡོད་དགོ་ནི་མས་ཟེར་ཨིན་པས།

སློབ་གྲྭའི་དབུ་འཛིན་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་གིས་ སློབ་གྲྭ་ཚུ་ལུ་ རང་སྐྱོང་གི་དབང་ཆ་མེད་པའི་ བརྡ་བཏོན་དོ་ཡོདཔ་ད་ སློབ་གྲྭའི་མ་དངུལ་ དངུལ་ཀྲམ་༤,༠༠༠ ལྷག་ལུས་ཡོད་མི་དེ་ཡང་ ལོག་གཞུང་ལུ་ སྤྲོད་དགོཔ་ཐོན་སོ་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རང་སྐྱོང་སློབ་གྲྭ་ཟེར་མི་དེ་ མིང་རྩམ་ཅིག་ར་ ཨིན་མས་ཟེར་ཨིན་པས།

དངུལ་རྩིས་ལྷན་ཁག་གིས་ སློབ་གྲྭ་ཚུ་གི་ སློབ་གྲྭའི་སི་ཌི་རྩིས་ཁྲ་ཚུ་ག་ར་ བསྡམ་དགོཔ་སྦེ་ སླབ་ཡོདཔ་ད་ ག་དེམ་ཅིག་སྦེ་ རྩིས་ལོ་༢༠༡༩-༢༠༢༠ གི་ དངུལ་རྩིས་ཚུ་ ད་ལྟོ་ མ་འབྱོར་བར་ཡོད་པ་ཅིན་ སི་ཌི་རྩིས་ཁྲའི་ནང་ཡོད་པའི་ དངུལ་ལྷག་ལག་ལེན་འཐབ་སྟེ་ བསལ་དགོཔ་ད་ རྩི་ལོ་༢༠༢༠-༢༠༢༡ གི་དོན་ལུ་ ཟད་འགྲོ་གཏང་དགོཔ་ཡོད་པ་ཅིན་ ལོ་བསྟར་གནང་བྱིན་མ་དངུལ་ཐོག་ལས་ སྤྲོད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

སློབ་གྲྭའི་སི་ཌི་རྩིས་ཁྲ་ནང་ འཆར་དངུལ་ཐེབས་ཡོད་མི་ཚུ་ མིང་མང་དངུལ་རྩིས་ལས་ཁུངས་ལུ་ ལོག་སྤྲོད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

སློབ་གྲྭའི་དབུ་འཛིན་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ལམ་ལུགས་འགོ་བཙུགས་མི་དེ་གིས་ རང་སྐྱོང་དང་ སློབ་གྲྭ་ལྟེ་བ་ རྫོང་ཁག་ དེ་ལས་ ཤེས་རིག་ལྷན་ཁག་འབདཝ་ད་ ལས་སྡེ་༣ གྱི་བར་ན་ མཚན་རྟགས་བཀོད་མི་ གཞུང་སྐྱོང་ལེགས་ལྡན་ཆིངས་ཡིག་གི་ དམིགས་གཏད་འགྲུབ་ནི་ལུ་ བར་ཆད་འབྱུང་འོང་ཟེར་ཨིན་པས།

རང་སྐྱོང་སློབ་གྲྭའི་ ལམ་ལུགས་དེ་ སློབ་དཔོན་དང་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ བདག་དབང་དང་ འགན་འཁྲི་ དེ་ལས་ དྭངས་གསལ་གཞི་བཙུགས་འབད་ནིའི་དོན་ལུ་ འགོ་བཙུགས་ཡོདཔ་ཨིན་པས།

ཨིན་རུང་ དབུ་འཛིན་ཚུ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཆིངས་ཡིག་དང་འཁྲིལཝ་ད་ དངུལ་རྩིས་དང་ མི་སྟོབས་༢ ཆ་རའི་ རང་དབང་འཐོབ་དགོཔ་ཨིན་རུང་ ད་ལྟོ་ཚུན་ དངུལ་རྩིས་ཀྱི་ རང་དབང་རྐྱངམ་གཅིག་མ་གཏོགས་ མ་འཐོབ་ཟེར་ཨིན་པས།

རང་སྐྱོང་སློབ་གྲྭ་ཅིག་གི་ དབུ་འཛིན་གྱིས་ སླབ་མིའི་ནང་ ད་ལས་ཕར་ རང་སྐྱོང་དབང་ཆ་དེ་ཡང་ རྩ་མེད་ཐལ་སོ་ཡི་ཟེར་ཨིན་པས།

ཆིངས་ཡིག་ནང་ ད་རུང་ སློབ་གྲྭ་གོང་འཕེལ་གྱི་དོན་ལུ་ ལཱ་འབད་དགོཔ་ཚུ་ཡང་ འཁོད་དེ་ཡོདཔ་ཨིན་རུང་ ད་ལས་ཕར་ མ་དངུལ་གྱི་ རང་དབང་མེད་པའི་བསྒང་ལས་ དེ་ཡང་ འབད་ཐབས་མེད་ཟེར་ཨིན་པས།

དབུ་འཛིན་དང་ སློབ་དཔོན་ཚུ་གིས་ སླབ་མིའི་ནང་ སློབ་གྲྭ་ལུ་ རང་དབང་ཡོད་པའི་སྐབས་ བདག་སྐྱོང་གིས་ ལོ་བསྟར་གྱི་ འཆར་གཞི་བཟོ་སྟེ་ འཆར་དངུལ་ལག་ལེན་འཐབ་ཚུགསཔ་ཨིན་རུང་ ད་ལས་ཕར་ འཆར་དངུལ་ཚུ་གི་དོན་ལུ་ ཞུ་ཡིག་བཙུགས་ཏེ་ གནང་བ་ལེན་ནི་ཚུ་ གཞུང་གི་སྤྱིར་བཏང་ལམ་ལུགས་དང་ འཁྲིལ་དགོ་ནི་མས་ཟེར་ཨིན་པས།

དབུ་འཛིན་ཅིག་གིས་འབད་བ་ཅིན་ ད་ལྟོ་ཚུན་ སློབ་གྲྭ་ལུ་ དོས་གླ་དང་ འགྲོ་འགྲུལ་འཐུས་ཀྱི་དོན་ལུ་ དངུལ་ཀྲམ་༥༠༠,༠༠༠ ཡོད་ས་ལས་ དངུལ་ཀྲམ་༢༠༠,༠༠༠ ལྷག་ལུས་ཡོད་པ་ཅིན་ སློབ་གྲྭའི་ལས་སྣ་གཞན་གྱི་དོན་ལུ་ བགོ་བཀྲམ་འབད་བཏུབ་ཨིན་རུང་ ད་ལས་ཕར་ ལྷག་ལུས་དེ་ རྫོང་ཁག་གི་ ལས་སྣ་གཞན་གྱི་དོན་ལུ་ ལག་ལེན་འཐབ་དགོ་ནི་མས་ཟེར་ ཨིན་པས།

ད་རེས་ ནདས་ཡམས་ལུ་བརྟེན་ ལོ་བསྟར་གནང་བྱིན་མ་དངུལ་དེ་ བརྒྱ་ཆ་༥༠ མར་བབས་སོང་ཡོདཔ་ད་ དངུས་བསྡོམས་དེ་ལས་ཡང་ མང་སུ་ཅིག་ སོ་ནམ་ལས་ཁུངས་དང་ གཞན་བཟོ་སྐྲུན་དང་ ཤེས་རིག་གི་ ལས་སྣ་ཚུ་ནང་ གཏངམ་ཨིན་མས་ཟེར་ཨིན་པས།

དེ་མ་ཚད་ ཧེ་མ་ ཉིནམ་གཅིག་ནང་འབད་མི་ལཱ་ཚུ་ ད་ལས་ཕར་ བདུན་ཕྲག་ལས་བཅད་དེ་ འགོར་དོ་ཡོདཔ་ཨིན་པས།

རྩིད་འཛིན་པ་ཡོད་མི་ སློབ་གྲྭའི་འགོ་འཛིན་ཚུ་ ད་ལས་ཕར་ ལས་བྱེདཔ་དེ་གི་ལཱ་གཡོག་ ག་དེ་སྦེ་ འབད་ནི་ཨིན་ན་ཟེར་བའི་ མགུ་འཐོམ་བྱུང་ཡོདཔ་ད་ ལ་ལོ་ཅིག་གིས་འབད་བ་ཅིན་ དངུལ་རྩིས་ལྷན་ཁག་གིས་ དེ་བཟུམ་མའི་ ལམ་ལུགས་འགོ་བཙུགས་མི་དེ་ སློབ་གྲྭའི་དབུ་འཛིན་ མི་ལ་ལོ་ཅིག་གིས་ ཚུལ་མིན་ཐོག་ལས་ མ་དངུལ་སྤྱོད་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *