རང་སོའི་ ངོས་འཛིན་ས་ཁོངས་ཚུ་ནང་ འགྲོ་འགྲུལ་འབད་ཆོག་ནི།

༉ རྒྱལ་ཁབ་ནང་ འགྲོ་འགྲུལ་བཀག་དམ་འབད་ནི་ འགོ་བཙུགས་ཡོད་མི་དང་བསྟུན་ ཀྲོང་གསར་རྫོང་ཁག་ནང་ཡང་ ཁ་ཙ་ ཉི་ན་མའི་ཆུ་ཚོད་༡ ལས་ བཀག་དམ་འབད་ཡི།

རྫོང་ཁག་ཀོ་བིཌ་༡༩ ལས་བྱེད་ཚེོགས་ཆུང་གིས་ ད་རིས་ལས་ མི་ཚུ་ ངོས་འཛིན་འབད་ཡོད་པའི་ ས་ཁོངས་ཚུ་ནང་ དུས་ཚོད་དང་འཁྲིལ་ རང་སོའི་འགྲོ་འགྲུལ་ཤོག་བྱང་ ལག་ལེན་འཐབ་སྟེ་ ཉེ་བར་མཁོ་བའི་ ཅ་ཆས་ཚུ་ ཉོ་ནི་དང་ ཕྱི་ཁར་འགྱོ་ཆོག་ནི་ཨིན་པས།

རྫོང་ཁག་ལས་བྱེད་ཚོགས་ཆུང་གི་ཁྲི་འཛིན་ རྫོང་རབ་ཀརྨ་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཁྲོམ་གྱི་ ཉེ་འདབས་ལས་ཕར་ ས་ཁོངས་༤ ངོས་འཛིན་འབད་མི་ཚུ་ནང་ ཚོང་ཁང་ཚུ་ཡང་ ངོས་འཛིན་འབད་ཡོདཔ་ད་ མི་ཚུ་གིས་ རང་སོའི་ དུས་ཚོད་དང་འཁྲིལ་ འགྱོ་དགོཔ་ཨིན་པས།

ཚོང་ཁང་ཚུ་ཡང་ ཚོགས་ཆུང་གིས་ ངོས་འཛིན་འབད་ཡོད་པའི་ ཉིནམ་དང་ དུས་ཚོད་དང་འཁྲིལ་ སྒོ་ཕྱེ་དགོ་ནི་ཨིན་རུང་ གཟའ་ལྷག་པ་ལུ་ སྒོ་བསྡམ་བཞག་ནི་ཨིན་པས།

དེ་བཟུམ་སྦེ་ རྒེད་འོག་༥ ནང་ དགོས་མཁོ་ཆེ་བའི་ ཐུན་རྐྱེན་ཚུ་ ཟ་སྤྱོད་ལས་འཛིན་གྱི་ སོ་ནམ་ཚོང་ཁང་ཚུ་ནང་ བཀྲམ་སྤེལ་འབད་ནི་དང་ དེ་ནང་ལས་ རང་སོའི་རྒེད་འོག་གིས་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།

མི་ཚུ་གི་ འདས་པའི་ འགྲོ་འགྲུལ་བཀག་དམ་སྐབས་ ཐོབ་ཡོད་པའི་ རང་སོའི་ ས་ཁོངས་དང་འཁྲིལ་ འགྲོ་འགྲུལ་ཤོག་བྱང་སྤྲོད་ཡོད་མི་དེ་ ལག་ལེན་འཐབ་དགོཔ་ད་ གལ་ཆེ་བའི་ གནད་དོན་ཡོད་ན་མ་གཏོགས་ ཕྱི་ཁར་འཐོན་མ་གནང་ཟེར་ཨིན་པས།

ཚོགས་ཆུང་གི་ཁ་ཐུག་ལས་ ཤོག་བྱང་ཚུ་ བྱང་སྟོར་ཤོར་ཡོད་པ་ཅིན་ ཚོགས་ཆུང་གི་ ཡིག་ཚང་ཁ་ཐུག་ལས་ གསརཔ་བཟོ་བྱིན་ནི་ཨིན་པས།

རྫོང་ཁག་ནང་ འགྲོ་འགྲུལ་བཀག་དམ་དེ་ ཁ་ཙ་ དྲོ་པའི་ཆུ་ཚོད་༦ ལས་ འགོ་བཙུགས་ཡོདཔ་ད་ མི་ཚུ་ལུ་ ཉེར་མཁོའི་ཅ་ཆས་ཚུ་ རང་སོའི་ ངོས་འཛིན་འབད་མི་ ས་ཁོངས་ཚུ་ནང་ འགྲུལ་སྐྱོད་བཀག་དམ་གྱི་ དུས་ཡུན་ཆུ་ཚོད་༧༢ ཀྱི་ཤུལ་ལས་ བཀྲམ་སྤེལ་འབད་ནི་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *